ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༢༣ ཉིན་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་དང་། ཞུང་ཨན་ཁུལ་གསར་སྤུས་མཐོའི་ངང་འཛུགས་སྐྲུན་དང་གོང་འཕེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། ཞུང་ཨན་ཁུལ་གསར་ནི་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པ་ཁ་འགྲེམ་བྱེད་ས་གཙོ་བོ་ཡིན་པའི་བྱེད་ནུས་ངེས་གནས་ཨང་དང་པོ་དེ་དམ་འཛིན་ཡག་པོ་བྱེད་པ་དང་། འཐབ་ཇུས་ཀྱི་བརྟན་ཤུགས་དང་ལོ་རྒྱུས་ཀྱི་བསྲན་ནུས་རྒྱུན་འཁྱོངས་བྱས་ཐོག གོམ་གང་མདུན་སྤོས་ཀྱིས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། བསམ་ཇུས་གསར་འབྱེད་བྱེད་པ། མཐུན་སྦྱོར་ལ་ཤུགས་རྒྱག་པ། མཉམ་ཤུགས་གཅིག་སྡུད་བྱེད་པ། བསྒྱུར་བཅོས་གསར་གཏོད་ཀྱིས་སྣེ་ཁྲིད་བྱས་ནས་ནང་ཐོན་གོང་འཕེལ་སྒུལ་ཤུགས་ཆེ་རུ་གཏོང་བ། རྐྱེན་གཙོའི་ཐོན་ཁུངས་ལུགས་མཐུན་གཅིག་སྡུད་བྱ་རྒྱུ་གཙོ་བོར་བྱས་ནས་ཁུལ་གསར་གྱི་གསོན་ཤུགས་ལ་སྐུལ་སྤེལ་བཅས་བྱས་ནས། དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དཔེ་མཚོན་འཛུགས་སྐྲུན་ཧུར་ཐག་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའི་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་བཅས་ནས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
ཚེས ༢༣ ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཞུང་ཨན་ཁུལ་གསར་དུ་ཕེབས་འབྱོར་ཟིན་རྗེས། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཉི་ཡུའེ་ཧྥེང་དང་། ཞིང་ཆེན་གྱི་འགོ་འཛིན་ཝང་ཀྲེང་ཕུའུ་ཡི་ཕེབས་རོགས་འོག རླངས་འཁོར་ལ་བཞུགས་ནས་ཕེབས་ལམ་དུ་འགོ་ཚུགས་ཁུལ་གྱི་འཛུགས་སྐྲུན་འཕེལ་རིམ་ལ་གཟིགས་པ་རེད། ཁུལ་གསར་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཕྱུག་པ་གཟིགས་རྗེས་ཁོང་གིས་ཁས་ལེན་གནང་ཡོད།
དེ་རྗེས། ཞི་ཅིན་ཕིང་ཀྲུང་གོ་ཧྭ་ནེང་ཚོགས་པ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་པ་རེད། ༢༠༢༥ ལོའི་ཟླ ༡༠ པར་ཧྭ་ནེང་ཚོགས་པའི་སྤྱི་ཁྱབ་པུའུ་དང་དེ་བཞིན་འབྲེལ་ཡོད་ཡན་ལག་ཀུང་སིའི་ལས་མི ༡༠༠༠ ལྷག་ཙམ་ཞུང་ཨན་ཁུལ་གསར་དུ་སྤོས་པ་རེད། ཞི་ཅིན་ཕིང་ཁེ་ལས་ཀྱི་གཉེར་སྐྱོང་ལྟ་སྐུལ་ཚོད་འཛིན་དང་འཕྲལ་སྒྲུབ་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས། ཁེ་ལས་གནས་སྤོ་དང་། ཐོན་ལས་བཀོད་སྒྲིག གསར་གཏོད་གོང་འཕེལ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་པ་དང་། ཁེ་ལས་ཀྱིས་སྐབས་དེར་གཉེར་སྐྱོང་བྱེད་པའི་གྲངས་གཞི་དང་རྒྱང་མཐོང་པར་རིས་ལ་གཟིགས་པ་རེད། ཁོང་གིས། ཞུང་ཨན་ཁུལ་གསར་ལ་སྤོས་པ་དེ་གོ་སྐབས་ཤིག་ལ་བརྩིས་ཐོག ཁེ་ལས་ཀྱི་ལས་བྱེད་ལས་བཟོ་པའི་གསར་སྐྲུན་ལས་གཏོད་ཀྱི་ཧུར་སེམས་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་ཏེ། རྣམ་པ་གསར་པའི་ནུས་ཁུངས་མ་ལག་འཛུགས་སྐྲུན་དང་ནུས་རྒྱུའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་རྒྱུའི་ཐད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།
ཀུང་སིའི་ཐོག་བརྩེགས་དང་པོའི་ཚོམས་ཆེན་ནང་། ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དུ་བཅའ་སྡོད་བྱས་ཟིན་པ་དང་འཛུགས་སྐྲུན་བྱེད་མུས་ཀྱི་ཁ་འགྲེམ་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་པའི་འཐུས་མི་དང་བྱམས་བརྩེའི་བཀའ་མོལ་གནང་བ་དང་། ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་ཐད་བཀའ་འདྲི་གནང་བ། ཚང་མས་ཁུལ་གསར་གྱི་འཛུགས་སྐྲུན་དང་གོང་འཕེལ་ཆེད་འབད་བརྩོན་གནང་བར་ཁས་ལེན་གནང་བ། ཁོང་ཚོས་ཁུལ་གསར་དུ་གཞི་རྐང་བཙུགས་ཐོག་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་ཐུགས་རེ་ཡང་གནང་ཡོད་པ་རེད། ཁོང་གིས། ཚང་མས་རང་ཉིད་ཞུང་ཨན་བ་ཡིན་པར་སྤོབས་པ་སྐྱེ་བ་བྱ་དགོས་པ་དང་། གྱི་ལིང་རྟ་མཆོག་ཅིག་གིས་སྣེ་ཁྲིད་འོག་རྟ་ཕོ་འབུམ་ཕྲག་གོམ་སྟབས་བརྟན་པོས་མདུན་དུ་ཤར་བ་ལྟར་ལས་སྒྲུབ་ལས་གཏོད་བྱས་ནས་ཞུང་ཨན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་དགོས་ཞེས་གསུངས་པ་རེད།
པེ་ཅིང་གྲོང་ཁྱེར་གྱིས་སྐྲུན་རོགས་བྱས་པའི་པེ་ཅིང་སློབ་འབྲིང་བཞི་པའི་ཞུང་ཨན་སློབ་ཁུལ་དེ ༢༠༢༣ ལོའི་ཟླ ༨ པར་སྤྱོད་འགོ་བཙུགས་པ་དང་། ད་ཆ་སློབ་མ ༣༨༠ ལྷག་ཙམ་ཡོད་པ་རེད། སློབ་ཁང་ནང་སློབ་མ་རྣམས་སློབ་ཚན་འཚོགས་བཞིན་ཡོད། ཞི་ཅིན་ཕིང་དམའ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པའི་སློབ་ཁང་དུ་ཕེབས་ནས་དགེ་སློབ་རྣམས་དང་བཀའ་མོལ་གནང་སྟེ། སློབ་ཁྲིད་ཀྱི་གནས་ཚུལ་རྒྱུས་ལོན་གནང་ཡོད། ཁོང་གིས་པེ་ཅིང་སློབ་འབྲིང་བཞི་པའི་སློབ་གཉེར་གྱི་ཉམས་མྱོང་བཟང་པོ་དག་ཁྱེར་ཡོང་བ་དང་། ཕྲུ་གུ་རྣམས་ཀྱི་ལུས་སེམས་བདེ་ཐང་ལ་གཅེས་སྐྱོང་བྱས་ནས་ཁོ་ཚོ་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་བ་བྱེད་དགོས་པའི་ཐུགས་རེ་གནང་འདུག སློབ་གྲྭའི་ཟ་ཁང་ནང་ཞི་ཅིན་ཕིང་གིས་བཟའ་བཏུང་བྱེད་སའི་ཁོར་ཡུག་དང་ཟ་མའི་སྣ་རིགས་སོགས་ལ་གཟིགས་པ་དང་། སློབ་མའི་བཟའ་བྱ་བཏུང་བྱའི་བདེ་འཇགས་དང་འཚོ་བཅུད་ལ་འགན་སྲུང་ཡག་པོ་བྱ་དགོས་པའི་བཀའ་མངགས་གནང་འདུག སློབ་གྲྭ་ནས་ཞལ་གྱེས་སྐབས་དགེ་སློབ་རྣམས་ནས་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་བྱིས་པ་རྣམས་ནས་གོ་སྐབས་བཟང་པོ་དམ་འཛིན་གྱིས་འབད་འབུངས་བྱེད་པ་དང་། ཡར་རྒྱས་བརྩོན་ལེན་བྱེད་པ། ཞུང་ཨན་ཁུལ་གསར་དང་མཉམ་དུ་འཚར་ལོངས་ཡོང་བར་བྱེད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་དང་མཉམ་དུ་ཡར་རྒྱས་ཡོང་བར་བྱ་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
ཚེས ༢༣ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་གྱི་སྤུས་མཐོའི་འཛུགས་སྐྲུན་དང་གོང་འཕེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཧྲན་ཅེ་དང་། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཉི་ཡུའེ་ཧྥེང་། ཞུང་ཨན་ཁུལ་གསར་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་གོ་ཧྭ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་གནང་ཡོད། པེ་ཅིན་གྲོང་ཁྱེར་དང་། ཐེན་ཅིན་གྲོང་ཁྱེར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་ཡིག་ཐོག་གཏམ་བཤད་ཕུལ་ཡོད།
ཚང་མའི་གཏམ་བཤད་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་དང་གོང་འཕེལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་། ཕྱོགས་ཁག་གི་ལས་དོན་ནི་ཏན་ཏིག་ནུས་ལྡན་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་གང་ལེགས་བྱུང་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཞུང་ཨན་ཁུལ་གསར་གྱི་སྤུས་མཐོའི་འཛུགས་སྐྲུན་དང་གོང་འཕེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བར། ངེས་པར་དུ་ཁུལ་གསར་གྱི་བྱེད་ནུས་དང་ངེས་གནས་མཐའ་འཁྱོངས་ཀྱིས་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པ་དག་ཁ་འགྲེམ་དང་འབྲེལ་མཐུད་བྱ་རྒྱུར་སྔར་བས་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ཁེ་ལས་དང་། མཐོ་སློབ་དང་སྨན་ཁང་བཅས་ཀྱི་ཁ་འགྲེམ་རྣམ་གྲངས་འཛུགས་སྐྲུན་བརྟན་པོ་དང་ཁག་བགོས་ནས་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དངུལ་རྩའི་སྒྲིག་གཞི་དང་། ཚན་རིག་ཞིབ་འཇུག་ཁང་། བྱ་གཞག་ཚན་པ་བཅས་ཁ་འགྲེམ་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཐོག ཁ་འགྲེམ་ཚན་པ་གོང་འཕེལ་སྔར་བས་ལེགས་པོ་ཡོང་བར་རྒྱབ་སྐྱོར་བྱེད་དགོས། ཁ་འགྲེམ་རྣམ་གྲངས་དང་མི་སྣའི་སྲིད་ཇུས་འགན་ལེན་དང་ཞབས་འདེགས་ཞུ་ཞུས་ཆེ་རུ་གཏོང་བ་དང་། ཁ་འགྲེམ་རྣམ་གྲངས་ཀྱིས་ཁུལ་གསར་དང་དེ་བཞིན་མཐའ་འཁོར་ས་ཁོངས་གོང་འཕེལ་ལ་འགྱེད་འཕྲོ་དང་སྐུལ་ཁྲིད་བྱ་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཞུང་ཨན་ཁུལ་གསར་གྱི་ཕྱོགས་བསྡུས་ཐེག་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་བར། ངེས་པར་དུ་བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་བྱས་ཏེ། སྤུས་མཐོའི་ངང་འཛུགས་སྐྲུན་དང་ཕན་ནུས་ཆེ་བའི་བཅོས་སྐྱོང་ལ་གཞི་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་དགོས། ཚན་རིག་དང་མཐུན་པའི་ངང་མྱུར་ཚད་དང་དུས་རིམ་ཁོང་དུ་ཆུད་པ་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་འགོ་འཛུགས་ཁུལ་དང་། ལག་བསྟར་ཁུལ་སོགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཞུང་ཨན་སྤུས་ཚད་ཧུར་ཐག་ངང་གཏོད་དགོས། ཏང་འཛུགས་སྐྱོང་གིས་ཁུལ་གསར་བཅོས་སྐྱོང་ལ་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་ཤུགས་ཆེན་གཏོང་བ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་རིག་ནུས་གྲོང་ཁྱེར་དོ་དམ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱེད་པ་བཅས་ཀྱིས། གནམ་སྔོན་དང་། ས་ལྗང་། དྭངས་གཙང་ཆུ་མོ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཞུང་ཨན་འཛུགས་སྐྲུན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཞུང་ཨན་ཁུལ་གསར་གྱིས་བསྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ། ཁུལ་གསར་གྱི་དོན་དངོས་དང་མཐུན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསོ་སྤེལ་བཅས་བྱེད་དགོས། ཆུ་ཚད་མཐོ་པོས་ཞུང་ཨན་ཀྲུང་ཀོན་ཚུན་ཚན་རྩལ་གླིང་བསྐྲུན་ནས། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་དེ་བས་མང་བ་བརྗེ་སྒྱུར་དང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་ཁྱུ་ཚོགས་རྣམ་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་བ། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤོར་ལ་རྒྱབ་སྐྱོར་བཅས་བྱེད་དགོས། བློ་ཁོག་ཆེན་པོས་འཚོལ་ཞིབ་དང་སྔོན་ལ་ཚོད་ལྟ་བྱས་ཏེ། ཚན་རྩལ་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་སྲིད་ཇུས་སྔོན་ལ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་ངང་གཏོད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཡང་དག་པའི་སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་གཏིང་ཟབ་བསྟར་བ། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་འབྱུང་ཁམས་གཏོད་པ་བཅས་བྱ་དགོས། འབྲེལ་ཡོད་ཕྱོགས་ཁག་གིས་ཁྱོན་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཆེ་རུ་གཏོང་བ་དང་། དོན་ངོ་མའི་བྱ་སྤྱོད་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ཡག་པོ་བསྟར་བ། ཞུང་ཨན་ཁུལ་གསར་གྱི་སྤུས་མཐོའི་ངང་འཛུགས་སྐྲུན་དང་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་དགོས། ཞུང་ཨན་ཁུལ་གསར་གྱི་རྒྱ་ཆེའི་ལས་བྱེད་ཀྱིས་འགན་འཁུར་ཕོད་པ་དང་། བྱ་བ་དངོས་བསྒྲུབས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། འབད་བརྩོན་ཆེན་པོས་ཏང་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།
ལི་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་ལག་ལེན་བསྟར་བ་དང་། ལོ་ངོ་སྟོང་གི་ཇུས་ཆེན་འཐབ་ཇུས་ཀྱི་གཏིང་ཤུགས་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ངར་ཤུགས་ལ་བརྟེན་ནས་ཞུང་ཨན་ཁུལ་གསར་སྤུས་མཐོའི་ངང་འཛུགས་སྐྲུན་དང་གོང་འཕེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པའི་ཁ་འགྲེམ་དང་ལེན་བྱེད་པའི་ཐད་གོང་འཕེལ་གསར་པ་ཡོང་བར་བརྩོན་ལེན་བྱས་ནས། ཁ་འགྲེམ་གྱི་སྒུལ་ཤུགས་དང་དང་ལེན་གྱི་ཡིད་འགུག་ནུས་པ་ཆེ་རུ་གཏོང་དགོས། གྲོང་ཁྱེར་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་གྲོང་ཁྱེར་གྱི་ནུས་པ་ཆེ་རུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་གང་ཐུབ་བྱེད་པ་དང་། སྤྱི་པའི་ཞབས་ཞུ་གང་མགྱོགས་འཐུས་ཚང་དུ་གཏོང་བ། ཐོན་ལས་ཀྱི་འབྱུང་ཁམས་རྩེ་གྲ་གཏོད་པ། དུས་རབས་གསར་པའི་གསར་གཏོད་ཀྱི་མཐོ་ས་གཏོད་དགོས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་གང་ཐུབ་བྱེད་པ་དང་། ཕྱོགས་ཁག་གི་ལེགས་ཆ་གཅིག་སྡུད་བྱེད་པ། བསྒྱུར་བཅོས་འཚོལ་ཞིབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ས་ཁོངས་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།
ཏིང་ཞུའེ་ཞང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གོ་སྐབས་དམ་འཛིན་དང་སྐབས་བསྟུན་མདུན་སྐྱོད་བྱས་ཏེ། ཞུང་ཨན་ཁུལ་གསར་གྱིས་གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་གསར་གཏོད་དྲ་རྒྱའི་ནང་གཏིང་ཟབ་ངང་ཞུགས་པ། པེ་ཅིང་ཅ༿ིང་ཅིན་ཅི་༾རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་འདེགས་གནས་གལ་ཆེན་ཧུར་ཐག་གཏོད་དགོས། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་དང་སུའོ་ཡི་གཅིག་སྡུད་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་པོས་སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་གཞི་གཅིག་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གསར་གཏོད་ཀྱི་འབྱུང་ཁམས་རྩེ་གྲ་གསོ་སྐྱོང་ཞིབ་ཚགས་བྱས་ནས། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་གོང་འཕེལ་མགྱོགས་སུ་གཏོང་བ་དང་། ཞུང་ཨན་ཁུལ་གསར་སྤུས་མཐོའི་ངང་འཛུགས་སྐྲུན་དང་གོང་འཕེལ་གྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཧོ་ལི་ཧྥེང་སོགས་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། དབྱིན་ལི་དང་ཁྲེན་རྨིན་ཨེར། ཝུའུ་ཀྲེང་ལུང་བཅས་དང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། དམག་དཔུང་གི་འབྲེལ་ཡོད་ཚན་པ། པེ་ཅིང་གྲོང་ཁྱེར། ཐེན་ཅིན་གྲོང་ཁྱེར། ཧོ་པེ་ཞིང་ཆེན། ཞུང་ཨན་ཁུལ་གསར། འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
༼བདེན་འཚོལ༽དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ། ཞི་ཅིན་ཕིང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ནན་བཤད་གནང་དོན། ཞི་ཅིན་ཕིང་གིས་སྲིད་གྲོས་ཚོགས་འདུར་ཞུགས་མཁན་ཞིང་བཟོ་དམངས་གཙོ་ཏང་དང་། དགུ་གསུམ་རིག་ཚོགས། སྨན་བཅོས་འཕྲོད་བསྟེན་རིགས་ཁོངས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་སྐབས་ནན་བཤད་གནང་དོན། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུརྒྱ༿་ཆེ༾གཙོ་སྐྱོང་གནང་བ། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།