གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུ་ཇེ་མགྱོགས་སུ་གཏོང་བ།

སྤེལ་དུས་: 2026ལོ་04ཟླ་27ཚེས་ 12:30 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བདེ་འཇགས་དང་། སྟབས་བདེ། ནུས་ཆེ། སྦགས་མེད། གྲོན་ཆུང་། ཁོང་ཡངས། ལྡེམ་གཤིས་ལྡན་པ་བཅས་ཀྱི་རྒྱུན་མཐུད་རུང་བའི་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་བྱ་རྒྱུ་ནི། དཔལ་འབྱོར་སྤྱི་ཚོགས་སྤུས་མཐོའི་གོང་འཕེལ་ལ་ཞབས་ཞུ་སྒྲུབ་པར་འདེགས་སྐྱོར་དང་། མི་རྣམས་འགྲོ་སྐྱོད་བདེ་བ་དང་ཟོག་འགྲེམས་ཤར་གཏོང་ཐུབ་པའི་མཛེས་སྡུག་ལྡན་པའི་རེ་འདུན་མངོན་འགྱུར་ཡོང་བ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞེས་བསྟན་གནང་ཡོད།

ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར། རང་རྒྱལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད་པ་དང་། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་གོམས་སྟབས་བརྟན་པོའི་ངང་སྤོ་བཞིན་ཡོད།

རྐང་འཁོར་གྱི་ལྕགས་ཐག་སྒུལ་བ་དང་བསྟུན་ནས་ཆའོ་ཝེན་ཧྲེང་ཞོགས་པ་སྔ་པོ་ནས་ལམ་ལ་ཆས་འགོ་བརྩམས་པ་དང་། ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ཧུང་སེ་པུའུ་ཀྲུང་ཆོན་ཐང་གྲོང་ཚོའི་ལམ་དཔོན་ཡིན་པའི་ངོས་ནས། ཆའོ་ཝེན་ཧྲེང་གིས་འགན་འཁུར་བའི་སྤྱི་ལེ་བཅུ་ལྷག་གི་མཁྲེགས་སྒྱུར་ལམ་ནི་ཡུལ་མི་ཚོའི་བདེ་སྐྱིད་ཀྱི་ལམ་ཡིན་པ་རེད།

ཆའོ་ཝེན་ཧྲེང་གིས། ང་རང་ལམ་འདིའི་ལམ་དཔོན་བྱེད་པའི་དམིགས་ཡུལ་ནི་ཡུལ་མི་ཚོའི་ཆེད་དུ་ལམ་ཡག་པོ་སྲུང་རྒྱུ་དེ་རེད། ངས་ཉིན་ལྟར་བསྐོར་བ་ཐེངས་གཅིག་བརྒྱབ་ནས། གང་དུ་ལམ་འཕྲོ་བརླག་ཕྱིན་ཡོད་ན་འཕྲལ་དུ་ཉམས་བཟོ་བྱ་རྒྱུའི་སྙན་ཞུ་འབུལ་གྱི་ཡོད། འགྲོ་ལམ་གཙང་མ་དང་སྙོམས་པོ་བཟོ་རྒྱུ་དང་། ཚང་མའི་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་རྒྱུ། འདྲེ་ཚེར་མ་དང་རྒུན་འབྲུམ་བསྡུ་མཁན་གྱི་རླངས་འཁོར་ཐད་ཀར་ཞིང་ཁའི་མཐའ་རུ་གཏོང་ཐུབ་པ་སོགས་བྱ་རྒྱུ་ནི། ངའི་ལས་འགན་གཙོ་ཆེ་ཤོས་དེ་ཡིན་ཞེས་བརྗོད་ཡོད།

ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར། ཉིང་ཞ་ཡིས་གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་དམ་འཛིན་བྱ་གཞིར་བརྩིས་ནས།  ལམ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ཀྱང་ཐོག་མའི་འཛུགས་སྐྲུན་ལ་མཐོང་ཆེན་དང་དོ་དམ་བདག་སྐྱོང་ལ་སྣང་ཆུང་བྱེད་པ་ནས་ད་ཆ་འཛུགས་སྐྲུན་དང་བདག་སྐྱོང་གཉིས་ཀར་སྣང་ཆེན་དང་བདེ་འཇགས་དང་ལྡེམ་གཤིས་ལྡན་པ་ཡོང་བར་འགྱུར་ལྡོག་བཏང་ཡོད། མི་རྣམས་འགྲོ་སྐྱོད་བདེ་བ་དང་། དངོས་ཟོག་ཤར་བགྲོད་ཐུབ་པ་བྱེད་པའི་དམིགས་ཚད་ནི། གྲོང་གསེབ་ཀྱི་གཞུང་ལམ་དེང་རབས་ཅན་དུ་བསྒྱུར་བའི་དོ་དམ་བདག་སྐྱོང་གི་ལམ་བུ་གསར་པའི་འཚོལ་ཞིབ་ཁྲོད་མངོན་འགྱུར་ཟམ་མི་ཆད་པར་ཡོང་བཞིན་ཡོད།

༢༠༢༣ ལོའི་ཟླ ༡༢ པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་གནང་སྐབས། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་མཉམ་སྐྲུན་བྱེད་པ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་རྣམ་གྲངས་གལ་ཆེན་ཁག་གཅིག་ལག་ལེན་བསྟར་བ། ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་ཕིང་ལུའུ་མི་བཟོས་གཙང་པོ་འཛུགས་སྐྲུན་བྱེད་པ། ཆུ་ཚད་མཐོ་པོའི་སྒོ་ནས་པེ་པུའུ་ཝན་མཚོ་ཁུག་རྒྱལ་སྤྱིའི་གྲུ་ཁ་གཏོད་པ་བཅས་བྱས་ཏེ། གཙང་པོ་དང་། ལྕགས་ལམ། རྒྱ་མཚོ་བཅས་ཀྱི་སྣ་མང་མཉམ་འདྲེན་ནུས་པ་དང་རང་འགུལ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

དུས་མཚམས་འདིར། ཕིང་ལུའུ་མི་བཟོས་གཙང་པོའི་མ་ཏའོ་འགག་གནས་ཀྱི་ལག་གྲྭའི་ཡུལ་དངོས་སུ། འཛུགས་སྐྲུན་པ ༢༠༠༠ ཙམ་གྱིས་མཐའ་མའི་དུས་ཚོད་ལ་དམ་འཛིན་བྱས་ཏེ། ལྕགས་རིགས་ཀྱི་གྲུབ་གཞི་སྒྲིག་སྦྱོར་ལས་གྲྭའི་མཐའ་མཇུག་གི་སྟེམ་སྒོ་སྒྲིག་སྦྱོར་བྱེད་བཞིན་ཡོད། ཕིང་ལུའུ་མི་བཟོས་གཙང་པོའི་ལས་གྲྭ་འཛུགས་སྐྲུན་བཀོད་འདོམས་པུའི་བཟོ་སྐྲུན་དབུ་ཆེན་ཐན་སུའེ་ཀྲེས། གཤེར་སྣོན་མ་ལག་སྦུག་ལམ་སྒྲིག་སྦྱོར་དང་གཙང་སེལ་བྱས་ཟིན་པའི་རྗེས། ང་ཚོས་རིམ་པ་བཞིན་གྲུ་སྒོའི་འཕྲུལ་ཆས་རྐྱང་པའི་གཏེམ་སྒོ་རྐྱང་པ་ཆུ་མེད་པར་མཉམ་འགུལ་ཐུབ་པ་བྱས་ཏེ། ཕིང་ལུའུ་མི་བཟོས་གཙང་པོའི་མ་ཏའོ་འགག་གནས་ནས་ཆུ་ཐོག་འགྲོ་འོང་བྱ་རྒྱུར་མཐའ་མའི་གདོང་མཆོང་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

ཕིང་ལུའུ་མི་བཟོས་གཙང་པོ་ད་ལོ་ལམ་ཐིག་ཡོངས་ཤར་གཏོང་ཐུབ་ནས། ཞི་ཅང་གཙང་པོའི་ཆུ་གཞུང་ཨ་མ་ལྷོ་ཕྱོགས་ནས་རྒྱ་མཚོར་འཇུག་པའི་གཙང་པོ་དང་རྒྱ་མཚོ་མཉམ་འགུལ་གྱི་བགྲོད་ལམ་ཆེན་པོ་གྲུབ་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་ཆེན་པོ་གཉིས་དེ་བས་ལེགས་པའི་སྒོ་ནས་མཉམ་འབྲེལ་ཐུབ་རྒྱུ་ཡིན་པ་རེད།

འགྲིམ་འགྲུལ་ནི་དེང་རབས་གྲོང་ཁྱེར་གྱི་ཁྲག་རྩ་ལྟ་བུ་ཡིན། ཁྲག་རྩ་ཤར་གཏོང་ཐུབ་ན། གྲོང་ཁྱེར་གཞི་ནས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ། ཞུང་ཨན་ཁུལ་གསར་གྱི་གཞུང་བཞི་འཕྲེད་གཉིས་ཀྱི་ལྕགས་ལམ་འགྲིམ་འགྲུལ་དྲ་རྒྱའི་འགག་རྩའི་གཞུང་གཅིག་ཡིན་པའི་ཅིང་ཞུང་མྱུར་བགྲོད་ལྕགས་ལམ་དེ་མིག་སྔར་མཉམ་འབྲེལ་སྙོམས་སྒྲིག་དང་མཉམ་འབྲེལ་ཚོད་ལྟའི་དུས་མཚམས་སུ་སླེབས་ཡོད་པ་དང་། སྔོན་དཔག་བྱས་ན་ལོ་སྨད་དུ་དངོས་སུ་ཤར་གཏོང་ཐུབ་རྒྱུ་རེད། ཞུང་ཨན་ཚོགས་པའི་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ཀྲང་ཡའོ་ཏུང་གིས། པེ་ཅིང་དུ་སླེབས་རྗེས། པེ་ཅིང་གི་ས་འོག་ལྕགས་ལམ་ལམ་ཐིག་བདུན་དང་ཐད་ཀར་འགྲིམ་འགྲུལ་བརྗེ་རེས་ཐུབ་ཀྱི་ཡོད་པས། འགྲུལ་པ་རྣམས་ལ་སྟབས་བདེ་བསྐྲུན་ཐུབ། ཅིང་ཞུང་མྱུར་བགྲོད་ལམ་ཐིག་གིས་ང་ཚོས་ཅིང་ཞུང་ཆུ་ཚོད་གཅིག་གི་ལས་ལམ་འཁོར་ཁོངས་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་ཡོད།

མིག་སྔར། རང་རྒྱལ་གྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བའི་སྒྲོམ་གཞི་གཙོ་བོ་བསྐྲུན་གྲུབ་ཚད་བརྒྱ་ཆ ༩༠ ལས་བརྒལ་བ་དང་། མྱུར་བགྲོད་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི ༢༠ ཙམ་ཟིན་པ། མྱུར་བགྲོད་ལྕགས་ལམ་གྱི་ལས་གཉེར་ལམ་ཚད་སྤྱི་ལེ་ཁྲི ༥ ལས་བརྒལ་ཡོད། གྲོང་ཁྱེར་ནང་ཁུལ་དུ་ཆུ་ཚོད་གཅིག་གི་ལས་ལམ་དང་། གྲོང་ཁྱེར་ཁྱུ་ཚོགས་སུ་ཆུ་ཚོད་གཉིས་ནང་ཤར་གཏོང་ཐུབ་པ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོར་ཆུ་ཚོད་གསུམ་ནང་སླེབས་ཐུབ་པ་བཅས་ཀྱི་རྒྱལ་ཡོངས་ཀྱི་ ༡༢༣ ཕྱིར་སྐྱོད་འགྲིམ་འགྲུལ་འཁོར་ཁོངས་དང་། རྒྱལ་ནང་དུ་ཉིན་གཅིག་ནང་སྐྱེལ་འདྲེན་ཐུབ་པ་དང་། མཐའ་འཁོར་རྒྱལ་ཁབ་ལ་ཉིན་གཉིས་ནང་སྐྱེལ་འདྲེན་ཐུབ་པ། གོ་ལ་ཧྲིལ་པོའི་གྲོང་ཁྱེར་གཙོ་བོར་ཉིན་གསུམ་ནང་སྐྱེལ་འདྲེན་ཐུབ་པ་བཅས་ཀྱི་གོ་ལ་ཧྲིལ་པོའི ༡༢༣ མྱུར་སྐྱེལ་ཟོག་འགྲེམས་འཁོར་ཁོངས་མགྱོགས་མྱུར་སྐྲུན་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོས་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་བཞིན་ཡོད་ཅིང་། འཛམ་གླིང་དང་འབྲེལ་འདྲིས་དང་དུས་རབས་དང་འབྲེལ་མཐུད་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཐོག གོ་ལ་ཧྲིལ་པོའི་འགྲིམ་འགྲུལ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ཏེ། རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

༢༠༢༥ ལོའི་ལོ་མཇུག་ཏུ། རང་རྒྱལ་གྱི་མཁའ་འགྲུལ་དབང་ཆ་བདུན་པའི་འགྲུལ་སྐྱེལ་མཁའ་ལམ་དང་པོ་སྟེ་སན་ཡ་ནས་པུ་ལ་ཀེ་བར་ཕར་འགྲོ་ཚུར་འོང་བྱེད་པའི་མཁའ་ལམ་དང་པོ་ལེགས་གྲུབ་ལྡན་པའི་ངང་ཤར་གཏོང་ཐུབ་པ་དང་། ཟླ་བ་ཁ་ཤས་སོང་རྗེས། ད་ཆ་མཁའ་ལམ་དེར་གནམ་གྲུའི་ལན་གྲངས་གཟའ་འཁོར་རེར་ཐེངས་གཅིག་ནས་གཟའ་འཁོར་རེར་ཐེངས་གཉིས་བར་མང་དུ་བཏང་ཡོད། སྒོ་དབྱེའི་སྲིད་ཇུས་དེར་བརྟེན་ནས། ཧའེ་ཁོའུ་དང་སན་ཡ་ལྟེ་གནས་གཉིས་ཀྱིས་མཉམ་དུ་ཤུགས་སྣོན་བརྒྱབ་སྟེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་ལ་ཁྱབ་པ་དང་ཡོ་རོབ་དང་ཨ་ཤེ་ཡ་འབྲེལ་མཐུད་བྱེད་པའི་རྒྱལ་སྤྱིའི་མཁའ་འགྲུལ་ཟོག་འགྲེམས་དྲ་རྒྱ་སྐྲུན་བཞིན་ཡོད། ཧའེ་ནན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དམངས་སྤྱོད་མཁའ་འགྲུལ་གཞུང་ལས་ཁང་གི་རིམ་པ་གཉིས་པའི་བརྟག་ཞིབ་པ་ཏེང་ཅང་གིས། མཁའ་འགྲུལ་དབང་ཆ་ཟམ་མི་ཆད་པར་ལྷུག་གཏོང་བྱེད་པའི་སྲིད་ཇུས་ཀྱི་ཕན་འབྲས་ཐོན་པ་བརྒྱུད། རྒྱལ་ཁབ་ཕྱི་ནང་གི་མཁའ་འགྲུལ་ཀུང་སིས་མཁའ་ལམ་དྲ་རྒྱའི་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་མཁའ་འགྲུལ་གྱི་འགྲུལ་ཟོག་སྐྱེལ་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ། ལམ་ལུགས་རྣམ་པའི་སྒོ་དབྱེའི་བཟང་ཆ་དེ་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་སུ་བསྒྱུར་བ་བཅས་བྱས་ཏེ། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་རྒྱལ་སྤྱིའི་མཁའ་འགྲུལ་ལྟེ་གནས་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད་ཅེས་བརྗོད་ཡོད།

གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་བྱེད་པ་ནས་འཐབ་ཇུས་ཀྱི་རྐང་འཛིན་བགྲོད་ལམ་འཛུགས་སྐྲུན་བྱེད་པའི་བར་དང་། གྲོང་ཁྱེར་དང་གྲོང་ཁྱེར་འབྲེལ་མཐུད་ཀྱི་དམངས་ཀྱི་འཚོ་བར་ཕན་འདོགས་པ་ནས་རྒྱལ་ཁབ་དང་རྒྱལ་ཁབ་འབྲེལ་མཐུད་ཀྱི་མཉམ་ལས་མཉམ་རྒྱལ་བར། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར། རང་རྒྱལ་གྱིས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་ཕྱོགས་བསྡུས་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་འདེགས་སྐྱོར་ནུས་ལྡན་བྱེད་བཞིན་ཡོད། རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་འཕེལ་རྒྱས་འཐབ་ཇུས་དང་འཆར་འགོད་སིའི་སི་ཀྲང་ཁྲེན་ལེ་ཡིས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་། དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དེ་དྲ་རྒྱ་ཁ་གསབ་དང་འབྲེལ་ཐག་བརྟན་གཏོང་། སྤུས་ཚད་མཐོར་གཏོང་བཅས་དང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གྲུབ་གཞི་ལེགས་གཏོང་། བདེ་འཇགས་ཀྱི་ལྡེམ་གཤིས་ཆེར་གཏོང་། འདུས་གྲུབ་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་གཏོང་རྒྱུ་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད། རྒྱལ་སྤྱིའི་རང་བཞིན་དང་རྒྱལ་ཡོངས་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ། དྲ་བ་ཁྱབ་རྒྱ་དང་ཤར་གཏོང་ཐུབ་ཚད། རྒྱལ་སྤྱིའི་མཉམ་འབྲེལ་ཆུ་ཚད་བཅས་མཐོ་རུ་གཏོང་རྒྱུ་རེད་ཅེས་བརྗོད་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་པོ་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་གིས་དབྱི་ཝུའུ་ཡི་གོང་འཕེལ་ཉམས་མྱོང་སྐོར་ལ་བསྟན་དོན། ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཆེད་བསྐོས་ཕོ་ཉ་ཧྲ་ལུན་སའེ་དང་མཇལ་འཛོམས་གནང་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།