གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ།

སྤེལ་དུས་: 2020ལོ་05ཟླ་27ཚེས་ 11:58 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

       ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་གནང་སྐབས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་འགྲོའི་འོག དམག་དཔུང་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་སྤྱི་ལོ ༢༠༢༠ ལོའི་དམིགས་འབེན་ལས་འགན་མངོན་འགྱུར་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་བ།

སྤྱི་ཚེས ༢༦ ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་གནང་སྐབས། དམག་ཡོངས་ནས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་། སེམས་ཤུགས་བརྟན་དུ་གཏོང་བ། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་འགྲོའི་འོག དམག་དཔུང་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་སྤྱི་ལོ ༢༠༢༠ ལོའི་དམིགས་འབེན་ལས་འགན་མངོན་འགྱུར་མཐའ་གཅིག་ཏུ་ཡོང་བ་དང་ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཚོགས་འདུའི་ཐོག་ལི་ཡུང་དང་། ཧོ་ལེ། ཝང་ཧའེ། ལི་ཧུའོ་ཧུའེ། ཚུའེ་ཡུས་ལིང་། ཀྲུང་ཀྲེ་མིང་། ཝང་ཧུའེ་ཆིང་། ལིའུ་ཀོང་པིན་སོགས་འཐུས་མི་བརྒྱད་ཀྱིས་ཁག་སོ་སོར་གཏམ་བཤད་སྤེལ་ཏེ། རང་དམག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་འགན་ལག་བསྟར་བྱས་པ་དང་། རིམས་ནད་ཐོན་པའི་གནས་ཚུལ་འོག་དམག་སྦྱོང་དམག་གྲབས་བྱེད་ཤུགས་ཆེ་རུ་བཏང་བ། སྐྱེ་དངོས་བདེ་འཇགས་ཀྱི་འགོག་སྲུང་ནུས་པའི་འཛུགས་སྐྱོང་མགྱོགས་སུ་བཏང་བ། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་བཏང་བ། རང་དམག་འཛུགས་སྐྱོང་ཐད་ཀྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་ལག་བསྟར་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་བཟོ་འགོད་ལ་དམ་འཛིན་ཡག་པོ་བྱས་པ་སོགས་ཀྱི་གནད་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད།

འཐུས་མི་ཚོའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་ནས་དང་ཐོག་དམག་ཡོངས་ཀྱི་དཔུང་སྡེས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་འགན་ལག་བསྟར་བྱས་ཚུལ་ལ་གདེང་འཇོག་གང་ལེགས་གནང་ཡོད། ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ནི་རང་དམག་གི་ངོས་ནས་བརྗོད་ན་ཚོད་བགམ་ཆེན་པོ་ཞིག་རེད། མི་དམངས་དམག་དཔུང་གིས་ཏང་གི་བཀའ་ལ་ཉན་པ་དང་བཀའ་ཐོས་རྗེས་བྱ་སྤྱོད་སྤེལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་ནུས་པ་གལ་ཆེན་བཏོན་པ་དང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། མི་དམངས་དམག་དཔུང་ནི་སྔ་བར་ཕྱི་གསུམ་དུ་ཏང་དང་མི་དམངས་ཀྱི་རྦད་དེ་བློས་འགེལ་ཆོག་པའི་དཔའ་བོའི་དམག་དཔུང་ཡིན་པ་ལག་ལེན་ལས་སླར་ཡང་ར་སྤྲོད་ཐུབ་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་གྱིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ལས་དོན་གཙོ་བོའི་ཐད་བླང་བྱ་བཏོན་གནང་ཡོད། ཁོང་གིས། ད་ཐེངས་ཀྱི་རིམས་ནད་དེས་འཛམ་གླིང་གི་གནས་སྟངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། རང་རྒྱལ་གྱི་བདེ་འཇགས་དང་གོང་འཕེལ་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། མ་མཐའི་བསམ་བློ་རྒྱུན་འཁྱོངས་ཀྱིས་དམག་སྦྱོང་དམག་གྲབས་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། དུས་ཐོག་ཏུ་རྙོག་འཛིང་ཆེ་བའི་གནས་ཚུལ་ཅི་རིགས་ཐག་གཅོད་ནུས་ལྡན་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོའི་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་རྐྱེན་འོག དམག་སྦྱོང་དམག་གྲབས་བྱེད་སྟངས་འཚོལ་ཞིབ་དང་། ཡུལ་དུས་ལ་བསྟུན་ནས་ཚན་རིག་དང་མཐུན་པའི་སྙོམ་སྒྲིག་ཚོད་འཛིན་བྱེད་པ། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་སྟབས་བསྟུན་ངང་སྤེལ་བ་བཅས་བྱས་ཏེ་རང་དམག་གི་དུས་མཐུན་དམག་དོན་ལས་འགན་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་འདི་ནི་རྒྱལ་སྲུང་དང་དམག་དཔུང་ངོས་ནས་བཤད་ན་ལག་ལེན་ངོ་མའི་ཚོད་བགམ་ཞིག་ཡིན་པ་དང་། སྒྱུར་བཅོས་ཀྱི་ཕན་འབྲས་གང་ལེགས་མངོན་ཡོད་ལ། དེ་དང་ཆབས་ཅིག་ཏུ་སྒྱུར་བཅོས་ལ་བླང་བྱ་གསར་པ་བཏོན་ཡོད། ཁ་ཕྱོགས་མི་འགྱུར་བ་དང་། བགྲོད་ལམ་མི་འཁྱོག་པ། ཤུགས་ཚད་མི་ཆག་པ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྲིད་ཇུས་དང་ལམ་ལུགས་སྒྱུར་བཅོས་ཀྱི་གཙོ་གནད་དམ་པོར་བཟུང་བ། སྒྱུར་བཅོས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་དང་དམ་འཛིན་བྱས་ཏེ། དུས་བཀག་ལྟར་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་ལས་མངོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཁག་སྒྱུར་བཅོས་གསར་སྐྲུན་གྱི་རིག་ལམ་དང་བྱ་ཐབས་ལ་བརྟེན་ནས་ཐག་གཅོད་རྒྱུར་དོ་སྣང་བྱེད་དགོས། རང་དམག་གསོ་རིག་ཚན་ཞིབ་ཀྱི་བཟང་ཆ་འདོན་སྤེལ་བྱས་ཏེ། ཏོག་གསར་གློ་ཚད་ཀྱི་སྨན་རྫས་དང་རིམས་འགོག་སྨན་ཞིབ་བཟོ་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་། སྤྱོད་སྒོ་ཆེ་བའི་ཐོན་རྫས་དེ་བས་མང་བ་འདོན་དགོས། ཚན་རྩལ་གསར་སྐྲུན་ལ་ཕྱོགས་པའི་དམག་འཐབ་ནུས་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་སྲུང་ཚན་རྩལ་གསར་སྐྲུན་དང་ལྷག་པར་དུ་རང་བརྟེན་གསར་སྐྲུན་དང་། ཐོག་མའི་གསར་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། སྒྱུར་བཅོས་གསར་སྐྲུན་གྱི་འགག་རྩ་ནི་མིར་ཐུག་ཡོད་པས། གནས་གསུམ་གཞི་གཅིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་འཛུགས་དགོས་པ་དང་། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་ལ། ཆེད་ལས་ཅན་གྱི་རྣམ་པ་གསར་པའི་དམག་དོན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ད་ལོ་ནི་རང་དམག་འཛུགས་སྐྱོང་འཕེལ་རྒྱས་སྐོར་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་མཇུག་བསྡུའི་ལོ་ཡིན་པས། རྒྱུན་ལྡན་ལས་ལྷག་པའི་བྱ་ཐབས་བཟུང་ནས། རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱེད་དགོས། སྟོབས་ཤུགས་གཅིག་སྡུད་བྱས་ཏེ་འཆར་འགོད་དོན་འཁྱོལ་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བརྒྱུད། ལས་འགན་གལ་ཆེན་ལེགས་སྒྲུབ་དང་། འཐབ་ཇུས་ནུས་པ་མཐོ་རུ་འགྲོ་རྒྱུ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། རང་དམག་འཛུགས་སྐྱོང་གི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་བཟོ་འགོད་ཡག་པོ་བྱེད་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་བཀོད་སྒྲིག་དང་མཐུན་སྦྱོར་ཡོང་རྒྱུར་དོ་སྣང་བྱེད་པ། འཐབ་ཇུས་ཀྱི་མཐོ་ཚད་ནས་གཞི་གཅིག་འཆར་འགོད་ཡག་པོ་བྱེད་པ་བཅས་ཀྱིས་འཆར་འགོད་ཀྱི་སྤུས་ཚད་ལ་འགན་ལེན་བྱེད་དགོས། ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་གྲོན་ཆུང་དམ་ཚགས་བྱེད་པ་དང་། དམག་དོན་འགྲོ་གྲོན་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བཏང་ནས། དངུལ་སྐར་མ་གཅིག་གིས་ཀྱང་ཕན་འབྲས་ཆེ་ཤོས་ཐོན་ཐབས་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས། དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་བཟང་ཆ་ཆེ་ཤོས་དེ་ཡིན་པ་དང་། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་བཟང་ཆ་དེ་འདོན་སྤེལ་གང་ལེགས་བྱས་ཡོད། རང་དམག་གིས་དམག་དོན་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་པ་དང་ཆབས་ཅིག ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། དབུལ་གྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར། ས་གནས་ཀྱིས་སྤྱི་ཚོགས་གནས་བབ་ཧྲིལ་པོའི་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་སྒྲུབ་པར་རོགས་འདེགས་བཅས་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། སྤྲོ་བ་ཆེན་པོས་རྒྱ་ཆེའི་དཔོན་དམག་གི་སེམས་ཁྲལ་སེལ་བ་དང་། རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་དར་རྒྱས་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས་ཞེས་བསྟན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཧྥེང་ཧོ་དང་། ལི་ཙུའོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་རྨིན་བཅས་གྲོས་ཚོགས་ལ་ཞུགས་ཡོད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ཧུའུ་པེའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ། ཞི་ཅིན་ཕིང་ནས་དཔལ་འབྱོར་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ཚོར་འདི་ལྟར་གསུངས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས། ཞི་ཅིན་ཕིང་གིས་ཧྲན་ཞི་རུ་ལས་དོན་ལ་རྟོག་ཞིབ་གནང་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཆེ་གྲས《འབད་འཐབ་ཀྱིས་དང་། ཀྲུང་ཧྭའི་བུ་ཕྲུག》ཅེས་པ་པེ་ཅིང་དུ་འཚོགས་པ།