ཞི་ཅིན་ཕིང་གིས། དབུལ་སྒྲོལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་། དེང་རབས་ཅན་བཅས་ཀྱི་ཕྱོགས་སུ་སྐྱོད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་ཞེས་གསུངས།
སྤྱི་ཚེས ༨ ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ལི་ཐུང་ཆུས་ཅིན་ཧྭ་མེ་ཏོག་ལྡུམ་རའི་སྡེ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། སྡེ་ཁུལ་དེར་རྒྱུན་སྡོད་གྲོང་མི ༡༣༠༠༠ ལྷག་ཙམ་ཡོད་པའི་ནང་གི་ཕྱེད་ཀ་ཙམ་ནི་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་རེད། སྡེ་ཁུལ་གྱི་ཐང་ཆེན་དུ་ཞི་ཅིན་ཕིང་གིས་གྲོང་མི་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ཞིང་། ཁོང་གིས་མི་རིགས་ཁག་ཚང་མ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁོངས་མི་ཡིན་པས། དབུལ་སྒྲོལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་། དེང་རབས་ཅན་བཅས་ཀྱི་ཕྱོགས་སུ་སྐྱོད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། མི་རིགས་ཁག་གི་མང་ཚོགས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་སྐྱོད་པ་དེ་ལས་རང་རེའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་མཚོན་གྱི་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཡང་མཚོན་གྱི་ཡོད། ཏང་དང་སྲིད་གཞུང་གིས་རྒྱུན་ཆད་མེད་པར་འབད་བརྩོན་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་འབད་བརྩོན་ལྷོད་མེད་བྱས་ན། འབྱུང་འགྱུར་གྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་ངེས་རེད་ཅེས་གསུངས།
ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་དང་བླངས་པར་བསྔགས་བརྗོད་གནང་བ།
སྤྱི་ཚེས ༨ ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ལི་ཐུང་ཆུས་ཅིན་ཧྭ་མེ་ཏོག་ལྡུམ་རའི་སྡེ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། དགུང་ལོ ༧༠ ལ་སླེབས་པའི་དང་བླངས་པའི་འཐུས་མི་ཧུད་རིགས་ཀྱི་ཏང་ཡོན་རྒན་གྲས་ཝང་ལན་ཧྭ་ཡིས་སྤྱི་ཁྱབ་ཧྲུའུ་ཅིར་ཞུས་དོན། སྤྱི་ལོ ༢༠༠༥ ལོར་ང་ཚོས་དང་བླངས་པའི་ཞབས་ཞུ་རུ་ཁག་བཙུགས་ནས་ཐོག་མའི་ཁོངས་མི ༧ ནས་ད་ཆའི་ཁོངས་མི་ཁྲི ༦ ཙམ་བར་མང་དུ་ཕྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གསན་རྗེས་ཐུགས་སྣང་གཤིན་པོས། ཁྱེད་ཚོའི་ཉམས་མྱོང་ཧ་ཅང་ཡག་པོ་འདུག བཤད་པ་ཙམ་མིན་པར་ལག་ལེན་དུ་འཁྱོལ་བ་དངོས་གནས་མཚོན་གྱི་འདུག སྤྱི་ཚོགས་རིང་ལུགས་ནི་ལག་ལེན་ནས་བྱུང་བ་ཞིག་ཡིན་པས། མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས་པ་དང་། ལྷག་པར་དུ་དང་བླངས་པས་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཁྱེད་ཚོས་འབད་བརྩོན་དང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། །