རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༤ ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མཛད་སྒོ་གཉེར་ནས་ཧྥི་ལི་ཕིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མ་ཁོ་སི་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་ཡོད།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་རྟེན་འབྲེལ་མེ་སྒྱོགས་ཐེངས ༢༡ གྲགས་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་དོན་ཨུ་ཡོན་ཝང་དབྱི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ལི་ཧྥེང་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད་པ་རེད།
མ་ཁོ་སི་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་རོགས་ཞུ་མཁན་གྲས་སུ་ཙུང་ཐུང་གི་སྐུ་ཟླ་དང་། དེ་སྔའི་ཙུང་ཐུང་དང་གྲོས་ཚོགས་སྨད་པའི་མཐོ་རིམ་གྲོས་དཔོན་གཞོན་པ་གཅིག་ལྕོགས། གྲོས་ཚོགས་སྨད་པའི་གྲོས་དཔོན་སོགས་ཡོད་པ་རེད།
དམག་དཔུང་རོལ་ཆ་ཚོགས་པས་ཧྥི་ལི་ཕིན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད།
ཞི་ཅིན་ཕིང་གི་ཕེབས་རོགས་འོག་མ་ཁོ་སིས་ཀྲུང་གོ་མི་དམངས་བཅིངས་བཀྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཡོད་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་རུ་སྟར་ལ་གཟིགས་གནང་ཡོད།
མ་ཁོ་སི་ནི་ཞི་ཅིན་ཕིང་གིས་གདན་ཞུ་གནང་བ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་ཞིག་ཡིན་འདུག།