ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས ༦ ཉིན་པེ་ཅིང་དུ་བརྙན་མཐོང་ལམ་ནས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་གནང་བ་མ་ཟད། འགོ་བརྗོད་དུ་སྲིད་ཏང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་ལ་བདེ་སྐྱིད་མཉམ་དུ་སྐྲུན་ཞེས་འཁོད་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་ནས། སྲིད་ཏང་དེ་ཉིད་མིའི་རིགས་ཀྱི་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་སྟོབས་ཤུགས་ཤིག་ཡིན་པའི་ངོས་ནས་ཡང་དག་པའི་མདུན་སྐྱོད་ཁ་ཕྱོགས་གཏན་འཁེལ་བྱས་ཏེ། མི་དམངས་ལ་བདེ་སྐྱིད་བརྩོན་ལེན་དང་མིའི་རིགས་ལ་ཡར་ཐོན་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཁག་གི་སྲིད་ཏང་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་ངང་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལའི་གོང་འཕེལ་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་མཁན་བཅས་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་པའི་དབུ་ཚོགས་ཀྱི་བརྗོད་གཞི་གཙོ་བོ་ནི་༼མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ནི་སྲིད་ཏང་གི་འགན་འཁྲི་ཡིན་༽ཞེས་པ་དེ་ཡིན། དབུ་ཚོགས་ཀྱི་ཚོགས་ར་གཙོ་བོ་དེ་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་བཙུགས་ཡོད། གསེར་མདོག་ཚོམས་ཆེན་ནང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དང་ཚོགས་ཞུགས་ཕྱི་རྒྱལ་སྲིད་ཏང་གི་ཏང་དར་མཉམ་དུ་བཙུགས་ཡོད་པས་ཏང་དར་རྒྱས་གཤོམ་གྱི་བརྗིད་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཡོད། ཚོགས་རའི་ནང་བརྙན་མཐོང་ཆེན་པོ་ལྔ་སྒྲིག་བཀོད་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་ཏང་གི་འགོ་ཁྲིད་པ་དྲ་ཐོག་ཏུ་ལྷན་འཛོམས་ཀྱིས་མཉམ་དུ་ཇུས་ཆེན་འགོད་པ་དང་མཉམ་དུ་འབྱུང་འགྱུར་གླེང་བའི་གསོན་ཉམས་ལྡན་པའི་རྣམ་པ་གང་ལེགས་མངོན་ཡོད།
ཞི་ཅིན་ཕིང་གིས་དང་ཐོག་བརྗོད་དོན་གཙོ་བོའི་གསུང་བཤད་གནང་ཡོད། ཁོང་གིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ སོང་རིང་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོར་འགྱུར་བ་དང་དེ་ནས་སྟོབས་ཆེར་སོང་བའི་རླབས་ཆེའི་འཕུར་སྐྱོད་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་ལས་དབང་གཅིག་སྒྲིལ་བྱས་ནས། འཛམ་གླིང་གི་གནས་བབ་ཆེན་པོ་དང་དུས་རབས་ཀྱི་རླབས་རྒྱུན་ཁྲོད་དུ་ཀྲུང་གོའི་གོང་འཕེལ་གྱི་མདུན་སྐྱོད་ཁ་ཕྱོགས་ཁོང་དུ་ཆུད་པ་དང་རྒྱལ་ཁབ་ཁག་ཐུན་མོང་གོང་འཕེལ་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། དེང་གི་དུས་འདིར། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་མདུན་དུ་ག་འགྲོ་འདི་འགྲོའི་ལོ་རྒྱུས་ཀྱི་དུས་བབ་སླར་ཡང་འཕྲད་ཡོད་ཅིང་། གདམ་ག་བྱེད་དབང་ང་ཚོའི་ལག་ཏུ་ཡོད་ལ། འགན་འཁྲི་ཡང་ང་ཚོའི་ཕྲག་ཐོག་ཏུ་བབ་ཡོད། ཐུན་མོང་གི་འགྲན་རྩོད་མདུན་དུ་མིའི་རིགས་ལ་ཕན་ཚུན་ཕྱར་བ་གྲུ་འདེགས་དང་ཕན་ཚུན་མཉམ་གནས་བྱེད་པའི་འགྲོ་ལམ་དེ་ཁོ་ན་ལས་མེད། སྲིད་ཏང་དེ་ཉིད་མིའི་རིགས་ཀྱི་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཡང་དག་པའི་མདུན་སྐྱོད་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་ལོ་རྒྱུས་ཀྱི་འགན་ཁྲི་འཁུར་དགོས།
དང་པོ། ང་ཚོས་ཁ་ཕྱོགས་ཁྲིད་སྟོན་བྱེད་པའི་འགན་འཁྲི་འཁུར་ནས། མིའི་རིགས་ཀྱི་ཐུན་མོང་གི་འབྱུང་འགྱུར་ཁོང་དུ་ཆུད་པ་དང་གཏོད་ཐུབ་པ་བྱ་དགོས། དུས་རབས་ཆེན་པོར་གནས་བབ་ཆེན་པོ་དགོས་པ་དང་། གནས་བབ་ཆེན་པོས་བློ་རྒྱ་ཆེན་པོ་རེ་འབོད་བྱེད་བཞིན་ཡོད། ང་ཚོས་མི་དམངས་ཀྱི་བསམ་འདུན་ཉན་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ། རྒྱལ་ཁབ་ཁག་བར་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་ཕན་གཅིག་གྱུར་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།
གཉིས་པ། ང་ཚོས་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པའི་འགན་འཁྲི་འཁུར་ནས། ཞི་བདེ་དང་། གོང་འཕེལ། གཞུང་དྲང་། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་བརྟན་སྲུང་དང་དར་སྤེལ་གཏོང་དགོས། ང་ཚོས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་འཛིན་པ་དང་། ཁོག་རྒྱ་ཡངས་པོས་ཤེས་དཔལ་མི་འདྲ་བས་རིན་ཐང་གི་གོ་དོན་ལ་ངོས་འཛིན་མི་གཅིག་པ་བྱེད་པར་བསམ་ཤེས་བྱེད་པ། རྒྱལ་ཁབ་མི་འདྲ་བའི་མི་དམངས་ཀྱིས་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་པར་བརྩི་འཇོག་བྱེད་པ་བཅས་བྱས་ཏེ། མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་ཞིབ་ཕྲ་དང་དངོས་ཡོད་ཀྱི་སྒོ་ནས་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཁེ་ཕན་མངོན་འགྱུར་བྱེད་པའི་ལག་ལེན་ཁྲོད་མངོན་ཐུབ་པ་བྱེད་དགོས།
གསུམ་པ། ང་ཚོས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་ནས། གོང་འཕེལ་གྱི་གྲུབ་འབྲས་ཀྱིས་གཞུང་དྲང་ངང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་དེ་བས་མང་བ་སྐྲུན་ཐུབ་པ་བྱེད་དགོས། མིའི་རིགས་ཀྱིས་བདེ་སྐྱིད་བརྩོན་ལེན་བྱེད་པའི་ལམ་བུའི་ཐོག རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ཀྱང་རྗེས་སུ་ལུས་མི་རུང་། འཛམ་གླིང་གི་རྒྱལ་ཁབ་ཚང་མ་དང་མི་རིགས་ཚང་མར་འདྲ་མཉམ་ངང་གོང་འཕེལ་གྱི་གོ་སྐབས་དང་དབང་ཆ་ལོངས་སྤྱོད་བྱེད་དབང་ཡོད། རྒྱལ་ཁབ་གཞན་གྱི་གོང་འཕེལ་ལ་འགོག་རྐྱེན་བཟོ་བ་དང་རྒྱལ་ཁབ་གཞན་གྱི་མི་དམངས་ཀྱི་འཚོ་བར་གནོད་འཚེ་གཏོང་བ་དམིགས་ཡུལ་དུ་བཟུང་བའི་ཆབ་སྲིད་བྱ་ཐབས་ལ་མི་སེམས་ཐོབ་མི་སྲིད་ལ། ངལ་བ་འབྲས་མེད་ཀྱི་རྒྱུ་ཙམ་རེད།
བཞི་པ། ང་ཚོས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་འགན་འཁྲི་འཁུར་ནས། འཛམ་གླིང་རང་བཞིན་གྱི་ཉེན་ཁ་དང་འགྲན་རྩོད་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས། ང་ཚོས་ཚན་རིག་དང་མཐུན་པའི་ཇུས་འདོན་རྒྱུན་འཁྱོངས་དང་མཐུན་སྒྲིལ་མཉམ་ལས་དར་སྤེལ་བཏང་ནས་རིམས་ནད་ཆབ་སྲིད་ཅན་དུ་འགྱུར་རྒྱུར་ངོ་རྒོལ་བྱས་ཏེ། མཉམ་དུ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། མཉམ་ལས་ལ་བརྟེན་ནས་བདེ་འཇགས་དང་བརྟན་ལྷིང་ཡོང་བ་བྱས་ནས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་མཉམ་དུ་གཏོད་དགོས། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་བཅས་རྒྱུན་འཁྱོངས་ཀྱིས་མཉམ་དུ་སྦགས་མེད་ཀྱི་ཁྱིམ་གཞིས་སྐྲུན་དགོས། འགན་འཁྲི་འཁུར་ཕོད་པ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པའི་ལམ་བུ་འཚོལ་ཞིབ་བྱེད་དགོས།
ལྔ་པ། ང་ཚོས་བཅོས་སྐྱོང་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བའི་འགན་འཁྲི་འཁུར་ནས་མི་དམངས་ཆེད་བདེ་སྐྱིད་བརྩོན་ལེན་བྱེད་པའི་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་དགོས། བདེ་སྐྱིད་ཡོང་བ་བྱེད་པའི་ལམ་བུ་མི་འདྲ་བ་ཡོད་ལ། རྒྱལ་ཁབ་ཁག་གི་མི་དམངས་ལ་རང་ཉིད་ཀྱི་གོང་འཕེལ་ལམ་བུ་དང་ལམ་ལུགས་མ་དཔེ་གདམ་པའི་དབང་ཆ་ཡང་ཡོད། འདི་ནི་མ་གཞི་ནས་མི་དམངས་བདེ་སྐྱིད་ཡོང་བའི་དགོས་ངེས་ཀྱི་དོན་སྙིང་ཡིན། རྒྱལ་ཁབ་གཅིག་དམངས་གཙོ་ཡིན་མིན་དེ་རྒྱལ་ཁབ་དེའི་མི་དམངས་ཀྱིས་ཤན་འབྱེད་བྱེད་དགོས་པ་ལས་མི་ཉུང་ཤས་ཤིག་གིས་བཤད་པར་ཆ་འཇོག་བྱེད་ཐབས་བྲལ་ཡོད། ང་ཚོས་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམས་པའི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོའི་བྱ་དོན་ཡག་པོ་བསྒྲུབ་ནས་ཀྲུང་གོའི་མི་དམངས་དུང་ཕྱུར ༡༤ དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་དང་མིའི་རིགས་ཞི་བདེ་གོང་འཕེལ་ཡོང་བའི་བླ་མེད་བྱ་གཞག་ལ་སྐུལ་འདེད་གཏོང་བ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་དམ་བཅའི་འབད་འཐབ་དམིགས་འབེན་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་ཀྱིས་རྒྱ་ཆེ་བའི་དུས་ཀྱི་བར་སྟོང་ཁྲོད་དུ་མི་རིགས་བསྐྱར་དར་དང་མིའི་རིགས་ཡར་རྒྱས་ཡོང་བའི་འདྲི་གཞིར་བསམ་གཞིགས་ནན་པོ་བྱས་ཏེ། རྒྱལ་ཁབ་ཁག་གི་སྲིད་ཏང་དང་མཉམ་དུ་འབད་བརྩོན་བྱས་ནས། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན།
དེ་ཡང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། མིའི་རིགས་ཀྱིས་དེང་རབས་ཅན་གྱི་ལམ་བུ་འཚོལ་ཞིབ་བྱེད་པའི་ཐད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཡོད་ཚད་དོན་དངོས་ལ་གཞི་ཚུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་འོད་ཟེར་སྟོང་ལྡན་གྱི་ལམ་བུ་འདིའི་ཐོག་མུ་མཐུད་མདུན་སྐྱོད་བྱས་ནས་རང་ཉིད་གོང་འཕེལ་དང་འཛམ་གླིང་ལ་ཕན་བདེ་སྐྲུན་རྒྱུ་ཡིན།
ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྒོ་ཀུན་ནས་བསྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་བཏང་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་གོང་འཕེལ་དང་དར་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཁག་གི་སྲིད་ཏང་བར་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་གོ་ལ་ཅན་ལ་འགྱུར་རྒྱུ་དེ་དེ་བས་སྒོ་དབྱེ་དང་ཁོག་ཡངས། ཀུན་ཕན། དོ་སྙོམས། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལའི་མཉམ་འབྲེལ་མཉམ་མཐུད་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་དང་མང་ཚོགས་དེ་བས་མང་བས་གོང་འཕེལ་གྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་ཡིན།
ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཆེན་པོ་དང་ཏང་ཆེན་པོའི་འགན་འཁྲི་ལག་བསྟར་བྱས་ནས། མིའི་རིགས་ཀྱི་བདེ་རྩའི་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན། དབུལ་ཕོངས་སེལ་བ་དེ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་འདུན་པ་རེད་ལ། རྒྱལ་ཁབ་ཁག་གི་སྲིད་ཏང་གིས་མངོན་འགྱུར་བྱེད་གང་ཐུབ་བྱེད་པའི་དམིགས་འབེན་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་དབུལ་ཕོངས་ཉུང་གཏོང་བྱེད་པའི་འཕེལ་རིམ་ཁྲོད་དུ་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་འབུལ་འདོད་ཡོད། ཀྲུང་གོས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། འཛམ་གླིང་གིས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན།
ཀྲུང་གོ་གུང་ཁྲན་ཏང་གིས་གོ་ལའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། མིའི་རིགས་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་འགྲན་རྩོད་ལ་ཁ་གཏད་གཅོག་རྒྱུར་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན། རྒྱལ་སྤྱིའི་སྒྲིག་སྲོལ་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་ཁས་ལེན་བྱེད་པའི་སྒྲིག་སྲོལ་ཞིག་ཡིན་དགོས་པ་ལས་མི་ཉུང་ཤས་ཤིག་གིས་བཟོས་པ་ཞིག་ཡིན་མི་རུང་། ང་ཚོས་ཕྱོགས་མང་རིང་ལུགས་ཀྱི་མིང་ཐོག་ནས་ཕྱོགས་རྐྱང་པའི་རིང་ལུགས་དོན་དུ་གཉེར་མཁན་གྱི་བྱ་སྤྱོད་ཁག་ལ་མཉམ་དུ་ངོ་རྒོལ་བྱེད་དགོས། ཀྲུང་གོ་ནི་ནམ་ཡང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་མོ་དེའི་ཁོངས་གཏོགས་ཤིག་ཡིན་པས། བློ་བརྟན་འགྱུར་མེད་ངང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་ཁྲོད་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བཤད་དབང་ཆ་མཐོ་རུ་གཏོང་རྒྱུའི་ཐད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་མུ་མཐུད་ནས་རྒྱལ་ཁབ་ཁག་གི་སྲིད་ཏང་དང་ཆབ་སྲིད་སྒྲིག་འཛུགས་དང་ལྷན་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་པ་དང་། མིའི་རིགས་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པ་དང་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད།
ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁའི་རྒྱལ་དམངས་ཏང་གི་ཀྲུའུ་ཞི། ཙུང་ཐུང་ལ་མ་ཧྥུའུ་སཱ་དང་། ཧ་སག་སི་ཐན་གྱི་མེས་རྒྱལ་འོད་སྣང་ཏང་གི་ཀྲུའུ་ཞི། ཙུང་ཐུང་དང་པོ་ནཱ་ཀྲར་པ་ཡེ་ཧྥུའུ། ཨུ་རུ་སུའི་ཨུ་རུ་སུ་གཅིག་གྱུར་ཏང་གི་ཀྲུའུ་ཞི། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཁང་གི་ཀྲུའུ་ཞི་གཞོན་པ་མེ་ཏེ་ཝེ་ཅེ་ཧྥུའུ། ཨ་ཀེན་ཐིང་དྲང་བདེན་ཏང་གི་ཀྲུའུ་ཞི། ཙུང་ཐུང་ཧྥེར་ནན་ཏེ་སེ། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་། ཁུར་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སི་ཁ་ནེར། ཧྥེ་ལི་ཕིན་དམངས་གཙོ་མི་དམངས་སྟོབས་ཤུགས་ཏང་གི་ཀྲུའུ་ཞི། ཙུང་ཐུང་ཏུའུ་ཐེར་ཐེ། ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི། དབུ་བཞུགས་བློན་ཆེན་ཧུང་སེན། ཙམ་པབ་ཝེ་ཨ་ཧྥེ་རི་ཁ་མི་རིགས་མནའ་འབྲེལ་ལས་རྒྱལ་གཅེས་འཐབ་ཕྱོགས་ཀྱི་ཀྲུའུ་ཞི་དང་ཧྲུའུ་ཅི་དང་པོ་གཅིག་ལྕོགས། ཙུང་ཐུང་མུའུ་ནན་ཅ་གུ་ཝ། ཕ་ལི་སི་ཐན་ཧྥ་ཐེ་ཧེའི་ཀྲུའུ་ཞི། ཙུང་ཐུང་ཨ་པ་སེ། སེར་ཝེ་ཡའི་མདུན་སྐྱོད་ཏང་གི་ཀྲུའུ་ཞི། ཙུང་ཐུང་ཝུའུ་ཆེ་ཆི། ཕ་ཁི་སི་ཐན་དྲང་བདེན་ལས་འགུལ་ཏང་གི་ཀྲུའུ་ཞི། ཙུང་ལི་དབྱི་མུའུ་ལན་ཧན། མོ་སང་པི་ཁེའི་བཅིངས་འགྲོལ་འཐབ་ཕྱོགས་ཏང་གི་ཀྲུའུ་ཞི། ཙུང་ཐུང་ཉིའུ་ཞི། ན་མི་པི་ཡ་མི་དམངས་རྩ་འཛུགས་ཏང་གི་ཀྲུའུ་ཞི། ཙུང་ཐུང་ཀེན་ཀེ་པུའུ། ཁོང་ཀོའི་ངལ་རྩོལ་ཏང་གི་ཀྲུའུ་ཞི། ཁོང་ཀོ་པུའི་ཙུང་ཐུང་ས་སུའུ། སི་རི་ལན་ཁའི་མི་དམངས་འཐབ་ཕྱོགས་ཏང་གི་གཙོ་འཛིན། ཙུང་ལི་མ་ཞིན་ཏ་ལ་ཅ་ཕ་ཁེ་ས། པོ་རི་ཝེ་ཡའི་བརྩོན་ལེན་སྤྱི་ཚོགས་རིང་ལུགས་ལས་འགུལ་གྱི་ཀྲུའུ་ཞི། ཙུང་ཐུར་ཟུར་པ་མོ་ལ་ལའེ་སེ། མོ་རོ་ཁོའི་དྲང་གཞག་དང་གོང་འཕེལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། དབུ་བཞུགས་བློན་ཆེན་ཨོ་སེ་མན་ཉི། སུའུ་ཏན་ལྷོ་མའི་སུའུ་ཏན་མི་དམངས་བཅིངས་འགྲོལ་ལས་འགུལ་གྱི་ཀྲུའུ་ཞི། ཙུང་ཐུང་ཅིར། སྤྱི་ཚོགས་ཏང་རྒྱལ་སྤྱིའི་ཀྲུའུ་ཞི་ཕ་ཧྥེན་ཏི་རི་ཨོའུ། སི་ཕན་གུང་ཁྲན་ཏང་གི་ཀྲུའུ་ཞི་སེན་ཐེ་རི་ཡ་སོགས་ཀྱིས་དབུ་ཚོགས་ཐོག་ཤིས་ཚིག་གསུངས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་ལ་གདེང་འཇོག་གང་ལེགས་གནང་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་གོའི་ཁྱབ་ཁོངས་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གོང་འཕེལ་གྲུབ་འབྲས་ཐོབ་པ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་སྤྲོ་སེམས་འཁོལ་བའི་བསྔགས་བརྗོད་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་གསུང་བཤད་ནང་བཏོན་གནང་བའི་སྲིད་ཇུས་འདོད་ཚུལ་ལ་ལན་ཆ་ཧུར་ཐག་གནང་བ། དེ་བཞིན་སྲིད་ཏང་གིས་མི་དམངས་ལ་བདེ་སྐྱིད་བརྩོན་ལེན་བྱེད་པའི་འགན་འཁྲི་འཁུར་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ལྷན་དུ་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱ་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཡང་ཞའོ་ཏུའུ། ཁྲེན་ཞི། ཧོང་ཁུན་མིང་། ཚའེ་ཆི་བཅས་དབུ་ཚོགས་ལ་ཞུགས་ཡོད།
རྒྱལ་ཁབ ༡༦༠ ལྷག་ནས་ཕེབས་པའི་སྲིད་ཏང་དང་ཆབ་སྲིད་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ ༥༠༠ ལྷག་དང་། སྲིད་ཏང་དང་ལས་རིགས་ཁག་གི་འཐུས་མི་ཆིག་ཁྲི་ལྷག་གྲོས་ཚོགས་ལ་ཞུགས་ཡོད། རྒྱལ་ཁབ ༡༠༠ ལྷག་གི་སྲིད་ཏང་ནས་རྒྱལ་ཁབ་དེ་རང་དུ་མཉམ་སྡེབ་ཚོགས་ར ༢༠༠ ཙམ་བཙུགས་ནས། ཏང་དེའི་འཐུས་མི་མཉམ་སྡེབ་ད་རེས་ཀྱི་དབུ་ཚོགས་ལ་ཞུགས་རྒྱུ་སྒྲིག་འཛུགས་བྱས་ཡོད། ཧྲང་ཧའེ་དང་། ཧྲའན་ཞི་ཡན་ཨན། ཀོང་ཏུང་ཧྲེན་ཀྲེན། ཧྥུའུ་ཅན་ཉིང་ཏེ། ཀྲེ་ཅང་ཨན་ཅི་སོགས་སུ་རྒྱལ་ནང་གི་ཡན་ལག་ཚོགས་ར་བཙུགས་ནས། ས་གནས་ཀྱི་ཏང་ཡོན་ལས་བྱེད་པ་ཁག་གཅིག་གིས་དུས་མཉམ་དུ་དབུ་ཚོགས་ཀྱི་རྒྱས་འཛོམས་དེར་གཟིགས་ཡོད་པ་རེད། དབུ་ཚོགས་ཐོག་ཐུན་མོང་གྲོས་འགོ་བཏོན་ནས། ཚོགས་ཞུགས་སྲིད་ཏང་གིས་འཛམ་གླིང་གི་ཞི་བདེ་གོང་འཕེལ་ལ་སྲུང་སྐྱོབ་དང་མི་དམངས་ཀྱི་བདེ་སྐྱིད་དེ་བས་ཆེ་རུ་གཏོང་བའི་ཐུན་མོང་བསམ་འདུན་མཚོན་པར་བྱས་ཡོད་པ་རེད། །