ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས། ཀོང་ཏུང་ནི་བསྒྱུར་བཅོས་སྒོ་དབྱེའི་རུ་སྣེ་ཁྲིད་མཁན་དང་། སྔོན་སྐྱོད་ཁུལ། ཚོད་ལྟ་ཁུལ་བཅས་ཡིན་པས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་བ་དང་ནུས་པ་མངོན་གསལ་དོད་པོ་ལྡན་ཡོད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་དམིགས་འབེན་ལ་ཕྱོགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དང་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པའི་འཐབ་ཇུས་ཀྱི་ལས་འགན་འདིར་དམིགས་ནས། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། ཚན་རྩལ་གྱི་རང་ཚུགས་རང་སྟོབས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་མདུན་གྲལ་དུ་བསྐྱོད་དགོས་ཞེས་ནན་སྟོན་གནང་ཡོད།
སྤྱི་ཟླ ༤ པའི་ཚེས ༡༠ ནས་ཚེས ༡༣ ཉིན་བར། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཁུན་མིང་དང་ཞིང་ཆེན་གྱི་འགོ་འཛིན་ཝང་ཝུའེ་ཀྲུང་གི་ཕེབས་རོགས་འོག་སྔ་རྗེས་སུ་ཀྲེན་ཅང་དང་། མའོ་མིང། ཀོང་ཀྲོའུ་སོགས་སུ་ཕེབས་ནས། ཁེ་ལས་དང་། གྲུ་ཁ། གྲོང་གསེབ་སོགས་སུ་བརྟག་ཞིབ་གནང་ཡོད།
སྤྱི་ཚེས ༡༠ ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་དང་ཐོག་ཀྲེན་ཅང་གྲོང་ཁྱེར་ཏུང་ཧའེ་གླིང་ཕྲན་དུ་གནས་པའི་རྒྱལ་ཁབ་ཀྱི ༨༦༣ འཆར་གཞིའི་རྣམ་གྲངས་ཀྱི་མཚོ་ཆུའི་གསོ་ཚགས་ ཉ་སོན་ལས་གྲྭའི་ལྷོ་ཕྱོགས་རྟེན་གཞིར་རྟོག་ཞིབ་གནང་བར་ཕེབས་ཡོད། ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་གྱི་རྒྱ་མཚོའི་ཉ་ལས་འཕེལ་རྒྱས་གནས་ཚུལ་གྱི་ངོ་སྤྲོད་གསན་པ་དང་། སྤུས་ལེགས་ཉ་སོན་ལ་གཟིགས་པ་མ་ཟད། ས་ཡུལ་དངོས་ཀྱི་ཚན་ཞིབ་དང་གསོ་ཚགས་པར་འདེམས་གསོའི་ལག་རྩལ་དང་། ཁྲོམ་རའི་རིན་གོང་སོགས་བཀའ་འདྲི་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་ནི་མི་འབོར་དུང་ཕྱུར ༡༤ ལྷག་ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། ལྟོ་ཆས་ཟ་བའི་གནད་དོན་ཐག་གཅོད་ཡག་པོ་དང་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར། ཟས་རིགས་ཆེན་པོའི་ལྟ་བ་བཙུགས་ནས་སྐམ་ས་ནས་ཟས་རིགས་བླངས་པ་མ་ཟད། རྒྱ་མཚོའི་ནང་ནས་ཟས་རིགས་བླངས་ནས། མཚོ་ཐོག་ཕྱུགས་ལས་དང་མཐིང་མདོག་གི་འབྲུ་མཛོད་བསྐྲུན་དགོས། སོན་ལས་ནི་དེང་རབས་ཞིང་ལས་དང་ཉ་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས། ལས་དོན་འདི་གང་ལེགས་བསྒྲུབ་དགོས། མཚོ་གཏིང་གི་གསོ་སྤེལ་སྒྲིག་ཆས་དང་རིག་ནུས་ཉ་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། མཚོ་གཏིང་ཉ་ལས་དེ་ཆ་འཕྲིན་ཅན་དང་། རིག་ནུས་ཅན། དེང་རབས་ཅན་བཅས་ཀྱི་ཕྱོགས་སུ་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
ཀྲེན་ཅང་གི་སྡོང་དམར་ནགས་ཚལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རང་རྒྱལ་གྱི་སྡོང་དམར་ནགས་ཚལ་གྱི་རྒྱ་ཁྱོན་ཆེ་ཤོས་དང་ཁྱབ་རྒྱ་གཅིག་སྡུད་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན། ཞི་ཅིན་ཕིང་སྲུང་སྐྱོང་ཁུལ་གྱི་ཤར་རྒྱུད་དུ་གནས་པའི་མཱ་ཀྲང་ཆུས་ཧུའུ་ཀོང་གྲོང་རྡལ་ཅིན་ཉིའུ་གླིང་ཕྲན་གྱི་སྡོང་དམར་ནགས་ཚལ་ཁུལ་དུ་ཕེབས་ནས། སྡོང་དམར་སྐྱེ་ཚུལ་དང་ཉེ་འཁོར་གྱི་འབྱུང་ཁམས་ཁོར་ཡུག་ལ་གཟིགས་ཞིབ་གནང་ཡོད། ཁོང་གིས། སྡོང་དམར་ནགས་ཚལ་དེ་དག་ནི་རྒྱལ་ཁབ་ཀྱི་ནོར་བུ་ཡིན་པས། མིག་ལ་གཅེས་སྤྲས་བྱེད་པ་ལྟར་སྲུང་སྐྱོང་ཡག་པོ་བྱེད་དགོས། རྒྱ་མཚོའི་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གྲུབ་ཆ་གཙོ་བོའི་གྲས་ཤིག་ཡིན། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་དང་། མི་རབས་ནས་མི་རབས་བར་མུ་མཐུད་འབད་བརྩོན་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་བསྐྲུན་བྱས་ནས། གོ་ལའི་གྲོང་ཚོར་སྲུང་སྐྱོང་ཡག་པོ་བྱ་ཆེད་ཀྲུང་གོའི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
སྤྱི་ཚེས ༡༠ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཀྲེན་ཅང་གྲོང་ཁྱེར་ཞུས་ཝུན་རྫོང་དུ་ཞུས་ཝུན་གྲུ་ཁར་རྟོག་ཞིབ་གནང་བར་ཕེབས་ཡོད། ཞུས་ཝུན་གྲུ་ཁའི་རྣམ་གྲངས་ནི་ཀོང་ཏུང་དང་ཧའེ་ནན་གྱིས་མཉམ་དུ་ལག་བསྟར་བྱེད་བཞིན་པའི་ལས་གྲྭ་གལ་ཆེན་ཞིག་རེད། ཆེད་སྤྱོད་གྲུ་ཁར་ཞི་ཅིན་ཕིང་གིས་ཞུས་ཝུན་གྲུ་ཁར་གཟིགས་སྐོར་གནང་རྗེས་ཀོང་ཏུང་ཞིང་ཆེན་གྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དང་སྦྲེལ་མཐུད་བྱས་ཏེ་མཉམ་དུ་འཕེལ་རྒྱས་གཏོང་བ་སོགས་ཀྱི་ལས་དོན་སྙན་ཞུ་གསན་པ་རེད། དེ་རྗེས། ཞི་ཅིན་ཕིང་གྲུ་གཟིངས་ཁ་བཀག་སའི་གྲུ་ཁར་ཕེབས་ནས་གྲུ་གཟིངས་ཁ་བཀག་པ་དང་འགྲུལ་སྐྱེལ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཡོད། གྲུ་གཟིངས་ཐོག་གི་འགྲུལ་པས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་ཁོང་ཚོ་ཕེབས་ལམ་བདེ་པོ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཆུང་ཀྲོའུ་མཚོ་འགག་ནི་རྒྱལ་ཁབ་ཀྱིས་ལྷོ་རྒྱ་མཚོ་དོ་དམ་བྱེད་པའི་འཐབ་ཇུས་ཀྱི་བགྲོད་ལམ་ཞིག་ཡིན་ལ་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་འགག་གནད་ཅིག་ཀྱང་ཡིན་པས། ཆུ་ལམ་རྩེ་གྲ་དང་འགྲུལ་ཟོག་སྐྱེལ་འདྲེན་གྱི་བགྲོད་ལམ་ཡག་ཤོས་གཉིས་པོ་དམ་འཛིན་ཡག་པོ་བྱས་ནས། ཞུས་ཝུན་གྲུ་ཁ་འདི་ཉིད་ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་དང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འབྲེལ་མཐུད་བྱེད་པའི་དེང་རབས་ཅན་གྱི་ཆུ་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕྱོགས་བསྡུས་ལྟེ་གནས་ཤིག་ཏུ་བསྐྲུན་དགོས་ཞེས་གསུངས་ཡོད་པ་རེད།
ཞུས་ཝུན་གྲུ་ཁ་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་པེ་པུའུ་ཝན་མཚོ་ཁུག་སྐོར་བའི་ཀོང་ཏུང་གི་ཆུའི་ཐོན་ཁུངས་བཀོད་སྒྲིག་ལས་གྲྭའི་ལྷོ་ཕྱོགས་སུ་ཆུ་འདྲེན་པའི་འབྲེལ་མཐུད་ས་ཚིགས་ཏེ་ཞུས་ཝུན་རྫོང་ཏ་ཧྲུའེ་ཆའོ་ཟམ་པའི་ཆུ་མཛོད་དུ་ཕེབས་ནས། ལས་གྲྭ་འཛུགས་སྐྲུན་དང་། དོ་དམ། འཁོར་སྐྱོད། རྗེས་མཐུད་ལས་གྲྭའི་འཆར་འགོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ལས་དོན་མི་སྣས་སྤྱི་ཁྱབ་ཧྲུའུ་ཅིར་ཆུ་དཔེ་དང་ལྟ་ཞིབ་ཚད་ལེན་སྒྲིག་ཆས་འགྲེམས་སྟོན་བྱས་ནས་ས་གནས་དེ་གས་མཐའ་འཁོར་གྱི་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་རེད།
ཞི་ཅིན་ཕིང་གིས། རང་རྒྱལ་དུ་ཆུ་དཀོན་པ་མ་ཟད། ཆུའི་ཐོན་ཁུངས་ཁྱབ་ཚུལ་དོ་སྙོམས་གཏན་ནས་མེད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། ཆུའི་ཐོན་ཁུངས་ཀྱི་གནད་དོན་ལ་བསམ་གཞིགས་བྱས་ཏ། ཆུ་ལ་བརྟེན་ནས་གྲོང་ཁྱེར་གཏན་འཁེལ་དང་། ཆུ་ལ་བརྟེན་ནས་ས་ཆ་གཏན་འཁེལ། ཆུ་ལ་བརྟེན་ནས་མི་གཏན་འཁེལ། ཆུ་ལ་བརྟེན་ནས་ཐོན་ལས་གཏན་འཁེལ་བཅས་བྱས་ཏེ་ཆུ་གྲོན་ཆུང་གི་ཐོན་ལས་འཕེལ་རྒྱས་གཏོང་དགོས། ཀོང་ཏུང་གིས་ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། ཆུའི་ཐོན་ཁུངས་བཀོད་སྒྲིག་ལས་གྲྭ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྔ་ཙམ་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་སྤྱི་ཚེས ༡༡ ཉིན་མའོ་མིང་ཀའོ་ཀྲོའུ་གྲོང་ཁྱེར་ཀེན་ཚེ་གྲོང་རྡལ་པའེ་ཆའོ་གྲོང་ཚོར་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་རེད། པའེ་ཆའོ་གྲོང་ཚོར་ལི་ཀྲི་མུའུ ༦༨༠༠ ཙམ་བཏབ་ཡོད་པ་དང། ལི་ཀྲིའི་ཐོན་སྐྱེད་ཀྱི་ཆེད་ལས་གྲོང་ཚོ་ཞིག་རེད། ལི་ཀྲི་འདེབས་འཛུགས་གླིང་དུ་བསྐྱོད་དེ་ས་གནས་དེ་གའི་ཁྱད་ལྡན་འདེབས་འཛུགས་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ས་གནས་ས་ཐོག་གི་ལག་རྩལ་མི་སྣ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་ཡོད། དེ་རྗེས། ཞི་ཅིན་ཕིང་པའེ་ཆའོ་འབྲུག་མིག་ལི་ཀྲིའི་ཆེད་ལས་མཉམ་ལས་ཁང་དུ་ཕེབས་ནས་མཉམ་ལས་ཁང་གཉེར་སྐྱོང་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད།
ཞི་ཅིན་ཕིང་གིས། ཡུལ་དེ་ནི་ལི་ཀྲི་ཐོན་ས་ཡིན་པ་དང་། ལི་ཀྲི་འདེབས་འཛུགས་བྱས་ནས་ལོ་རྒྱུས་ཡུན་རིང་སོང་བ་དང་རིག་གནས་ཀྱི་རྨང་གཞི་ཟབ་མོ་ཡོད་པ། ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པ། ལེགས་ཆ་མངོན་གསལ་དོད་པོ་ཡོད་པ། ཁྲོམ་རའི་བར་མཐོངས་རྒྱ་ཆེ་བ་བཅས་ཡོད་པས། འདེབས་འཛུགས་དང་། སོས་པ་ཉར་ཚགས། ལས་སྣོན་སོགས་ཀྱི་ལག་རྩལ་སྔར་བས་མཐོ་རུ་བཏང་སྟེ། ལི་ཀྲིའི་ཁྱད་ལྡན་ཐོན་ལས་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་འཕེལ་རྒྱས་དེ་བས་ལེགས་པ་གཏོང་དགོས་ཞེས་བསྟན་ཡོད།
ཞལ་གྱེས་སྐབས། གྲོང་མི་ཚོས་སྐད་ཆེན་པོས། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ལས་ཁག་སོང་ཞེས་འབོད་པ་རེད། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚང་མར། ད་རེས་ང་ཀོང་ཏུང་ནུབ་རྒྱུད་ས་ཁུལ་དུ་ཐེངས་དང་པོ་ཡོང་བ་ཡིན། ཡུལ་མི་ཚོས་ལི་ཀྲི་སོགས་ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་བ་བརྒྱུད་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས། ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྗེས་ལ་ཕྱུག་པོ་ཆགས་མཁན་ཚོར་རོགས་རམ་བྱེད་པ། གྲོང་ཚོའི་ཡ་རབས་གོམས་སྲོལ་དང་ཤེས་དཔལ་བཟང་པོ་དར་སྤེལ་གཏོང་བ། གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཚང་མའི་འཚོ་བ་ལོ་རེ་བཞིན་ལེགས་སུ་གཏོང་དགོས་ཞེས་གསུངས་ཡོད།
སྤྱི་ཚེས ༡༢ ཉིན། ཞི་ཅིན་ཕིང་གིས་ཀོང་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད། ཉིན་དེའི་ཕྱི་དྲོ། ཁོང་དང་ཐོག་ལེ་ཅིན་འཆར་ལེབ་ཀོང་ཀྲོའུ་བཟོ་སྐྲུན་རྟེན་གཞིར་ཕེབས་པ་རེད། ཀོང་ཏུང་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་དེ་ཡོངས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀྱི་ཐོན་ཁུངས་གཉིས་མཉམ་འགུལ་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཚོང་དོན་མ་འཇོག་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་བྱེད་སྟངས་དང་ཕན་འབྲས་ངོ་སྤྲོད་ཞུས་པ་རེད། ཞི་ཅིན་ཕིང་གིས་ཐོན་རྫས་འགྲེམས་སྟོན་དང་ཐོན་སྐྱེད་སྒྲིག་སྦྱོར་བརྒྱུད་རིམ་ལ་གཟིགས་གནང་ནས་ཁེ་ལས་ཀྱི་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་བ་རེད།
ཞི་ཅིན་ཕིང་གིས། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཤུགས་ཆག་པའི་གནས་ཚུལ་འོག ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་དང་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པས། ཁྲོམ་རའི་ལེགས་ཆ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ཕྱི་རྒྱལ་གྱི་མ་དངུལ་འཇོག་མཁན་གྱིས་གོ་སྐབས་དམ་འཛིན་བྱས་ཏེ། ཀྲུང་གོར་ཡོང་བ་དང་། ཀོང་ཏུང་དུ་ཡོང་བ། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་དུ་ཡོང་བ་བཅས་བྱས་ནས་ཀྲུང་གོའི་ཁྲོམ་རར་ཟབ་ཞུགས་དང་། ཁེ་ལས་འཕེལ་རྒྱས་ཐད་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
དེ་རྗེས་ཞི་ཅིན་ཕིང་གིས་ཀོང་ཀྲོའུ་རླངས་འཁོར་ཨའེ་ཨན་ནུས་རྒྱུ་གསར་པའི་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བ་རེད། ཁོང་ནས་ཁེ་ལས་ཀྱི་འགྲེམས་ཁང་དང་།རླངས་འཁོར་ལྷུ་སྒྲིག་ཁང་ཆེན་མོ། གློག་རྫས་ཐོན་སྐྱེད་འཁོར་ཁང་སོགས་སུ་ཕེབས་ནས་ཁེ་ལས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་གཏོར་དང་བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན།གནོད་མེད་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་གནས་ཚུལ་ཐད་མཁྱེན་རྟོགས་གནང་ཡོད། ཀོང་ཀྲོའུ་རླངས་འཁོར་ཞིབ་འཇུག་ཁང་དུ་ཞི་ཅིན་ཕིང་གིས་རིག་ནུས་དྲ་སྦྲེལ་ཚོད་ལྟ་ཁང་དང་དཔེ་དབྱིབས་ཇུས་བཀོད་ཚོད་ལྟ་ཁང་སོགས་སུ་རྟོག་ཞིབ་གནང་བ་མ་ཟད། ཚན་རྩལ་མི་སྣ་དང་། ཁེ་ལས་མཁས་པ།ལས་བཟོ་པ། ཕྱི་དངུལ་ཁེ་ལས་ཀྱི་འཐུས་མི་སོགས་དང་བཀའ་མོལ་གནང་ཡོད། ཞི་ཅིན་ཕིང་གིས།ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ནི་ཡུན་རིང་འགྱུར་བ་མེད་ཅིང་། རང་ཉིད་ཀྱི་སྒོ་དབྱེའི་སྒོ་མོ་ནམ་ཡང་རྒྱག་མི་སྲིད། ང་ཚོ་དང་མཉམ་ལས་མཉམ་རྒྱལ་བྱེད་འདོད་པའི་རྒྱལ་ཁབ་ཡོད་དོ་ཅོག་དང་ང་ཚོས་ཁོང་ཚོ་དང་ཁ་ཕྱོགས་གཅིག་གཏད་དུ་བསྐྱོད་དེ། འཛམ་གླིང་དཔལ་འབྱོར་ཐུན་མོང་ཐོག་དར་འཕེལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས།ཀྲུང་གོ་ནི་རྒྱལ་ཁབ་ཆེན་པོ་ཞིག་རེད། དངོས་ཚན་དཔལ་འབྱོར་ལ་དང་དོད་བྱས་ནས་རང་སྟོབས་རང་སྤེལ་ཡོང་རྒྱུར་སྐུལ་མ་གཏོང་དགོས།འགག་རྩའི་ལྟེ་བའི་ལག་རྩལ་རང་ཚུགས་ལྡན་པའི་ངང་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་གཞིས་ཚུགས་དགོས་ལ། རྒྱལ་སྤྱིའི་དབར་མཉམ་ལས་བྱ་རྒྱུར་ཡང་དགའ་བསུ་ཞུ་དགོས། སློབ་གསོ་དང་ཤེས་ལྡན་པའི་གསོ་སྦྱོང་ལ་དང་དོད་བྱ་དགོས་ཤིང་། ཚན་རྩལ་རང་ཚུགས་རང་སྟོབས་ཀྱི་རྩ་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
སྤྱི་ཚེས ༡༣ ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་པ་དང་།ཀོང་ཏུང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད།
ཞི་ཅིན་ཕིང་གིས། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོས་རྒྱལ་ཡོངས་གོང་འཕེལ་གྱི་གནས་སྟངས་གསར་པའི་ནང་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད། ཀོང་ཏུང་གིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་ཉིད་ཀོང་ཏུང་གིས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བའི་གོ་སྐབས་ཆེན་པོ་དང་ལས་གཞི་ཆེན་པོར་བརྩིས་ནས། དམ་འཛིན་ནན་སྒྲུབ་དང་གལ་ཆེའི་ནང་གི་འགངས་ཆེར་འཇོག་པ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་གི་འཐབ་ས་གཙོ་བོར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དོན་ཆེན་དེ་ཡག་པོ་བསྒྲུབ་པ་བརྒྱུད། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་དེ་ཉིད་གོང་འཕེལ་གྱི་གནས་སྟངས་གསར་པའི་འཐབ་ཇུས་འདེགས་གནས་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ས་ཆ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་སྣེ་ཁྲིད་ས་ཆར་འགྱུར་བ་བྱ་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་འགག་རྩ་ཡིན། གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ས་ཁོངས་གསར་གཏོད་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རང་བརྟེན་གསར་གཏོད་ནུས་པ་སྔར་བས་ཆེ་རུ་གཏོང་བ། འགག་རྩའི་ལྟེ་བའི་ལག་རྩལ་གྱི་དཀའ་གནད་སེལ་བའི་ཐད་འཕེལ་རིམ་དེ་བས་ཆེ་བ་ཐོན་ཆེད་འབད་བརྩོན་བྱ་དགོས། ཁེ་ལས་འབྲིང་ཆུང་གི་གསར་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རང་བརྟེན་ཤེས་བྱའི་ཐོན་དབང་དང་ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་གསར་སྐྲུན་རྣམ་པའི་ཁེ་ལས་དེ་བས་མང་བ་སྐྱེད་སྲིང་བྱེད་དགོས། ཁེ་ལས་ཀྱི་གཙོ་གཟུགས་གནས་བབ་ཤུགས་ཆེར་གཏོང་བ་དང་། གསར་སྐྲུན་སྦྲེལ་ཐག་དང་། ཐོན་ལས་སྦྲེལ་ཐག མ་རྩའི་སྦྲེལ་ཐགཤེས་ལྡན་པའི་སྦྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་མ་གཏོང་བ། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་གཏོང་བ། གོ་ལ་ཧྲིལ་པོའི་ཤུགས་རྐྱེན་ལྡན་པའི་ཐོན་ལས་ཚན་རྩལ་གསར་སྐྲུན་ལྟེ་གནས་འཛུགས་དགོས།ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་གྱི་ཤེས་ལྡན་པའི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། རྩེར་སོན་ཚན་རྩལ་གསར་གཏོད་ཀྱི་ཤེས་ལྡན་པ་གཅིག་སྡུད་ཀྱི་ཕན་འབྲས་ཆགས་པ་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་དངོས་ཚན་དོར་བའི་ལམ་དུ་སྐྱོད་མི་རུང་བར། ངེས་པར་དུ་དངོས་ཚན་དཔལ་འབྱོར་འདེགས་སྐྱོར་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་འཛུགས་དགོས།ཀོང་ཏུང་གིས་སྔ་ཕྱི་བར་གསུམ་དུ་བཟོ་སྐྲུན་ལས་རིགས་ལ་བརྟེན་ནས་ཞིང་ཆེན་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དངོས་ཚན་དཔལ་འབྱོར་གོང་འཕེལ་ཡོང་བར་མཐོང་དེ་བས་ཆེ་བ་བྱེད་པ། ཐོན་ལས་བརྗེ་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ། ཐོན་ལས་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་སྦྲེལ་ཐག་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གོང་འཕེལ་གཏོང་བ་བཅས་ཀྱི་ཐོག་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དེ་བས་ཆེ་བའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ངོ་བོའི་ཁྱད་ཆོས་ཡིན་ཞིང་། ས་ཁོངས་མཐུན་སྦྱོར་གོང་འཕེལ་གཏོང་བ་ནི་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན། ཀོང་ཏུང་གིས་ས་ཁོངས་གོང་འཕེལ་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་པར་འབད་བརྩོན་བྱེད་པ་དང་། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ས་ཁོངས་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཀོང་ཏུང་ཤར་ཁུལ་དང་། ཀོང་ཏུང་ནུབ་ཁུལ། ཀོང་ཏུང་བྱང་ཁུལ་བཅས་ས་ཁུལ་ཁག་གིས་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ས་ཁུལ་གྱི་ཐོན་ལས་གོ་རིམ་ལྡན་པའི་ངང་སྤོ་སྒྱུར་དང་ལེན་དེ་བས་ལེགས་པ་ཐུབ་རྒྱུར་སྐུལ་མ་གཏོང་དགོས། སྐམ་མཚོའི་གཅིག་གྱུར་འཆར་འགོད་དང་རི་མཚོ་ཕན་ཚུན་གསབ་རོགས་བྱེད་པར་ཤུགས་སྣོན་རྒྱག་པ་དང་། གྲུ་ཁ་ལས་གྲུབ་པའི་གྲོང་ཁྱེར་གྱི་སྤྱི་ཡོངས་བཀོད་ཇུས་ལ་ཤུགས་སྣོན་རྒྱག་པ།རྒྱ་མཚོའི་འབྱུང་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ། རྒྱ་མཚོའི་ཞིང་ཆེན་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་དགོས། རྫོང་གྲོང་མ་གཞི་གལ་ཆེན་དུ་བྱས་པའི་རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དེང་རབས་གྲོང་གསེབ་ཐོན་ལས་མ་ལག་འཛུགས་མགྱོགས་སུ་གཏོང་བ། རྣམ་པ་གསར་པའི་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་གཏོང་བ། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་བཅས་བརྒྱུད་དེ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས། དབུལ་ལོག་ཐེབས་རྒྱུ་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རྒྱུན་རྣམ་ཅན་གྱི་ཁ་གཏད་རོགས་སྐྱོར་མུ་མཐུད་ཡག་པོ་བྱས་ནས། དབུལ་ལོག་ཐེབས་རྒྱུར་སྔོན་འགོག་བྱ་དགོས་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་ནི་འདི་ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་རེད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཏང་ཡོན་དང་ལས་བྱེད་པར་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་ངོ་མ་ཐོབ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་རྒྱུ་དེ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སེམས་གཏིང་ལ་ཟུག་པ། བརྗེ་སྒྱུར་བྱེད་པ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། བསམ་བློའི་ཐོག་ནས་གཞི་སྒྱུར་རྩ་སྒྱུར་དང་རྩ་བ་བརྟན་གཏོང་བྱེད་པ།དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བསམ་པའི་རྨང་གཞི་བརྟན་དུ་གཏོང་བ།རིག་པའི་ཁ་ཕྱོགས་བརྟན་དུ་གཏོང་བ་བཅས་བྱེད་དགོས། གཅིག་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཏང་གི་རིན་ཐང་དོན་གཉེར་དང་མདུན་སྐྱོད་ཁ་ཕྱོགས་ཀྱི་ཚད་མཐོའི་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་བཏང་སྟེ། འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི་སྤྱིའི་གཏོང་འཛིན་དེར་དམ་འཛིན་བྱེད་དགོས། གཉིས་ནས་ཏང་ལ་བློ་དཀར་སེམས་དཀར་བྱེད་པ་སྲ་བརྟན་དུ་གཏོང་བ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རང་རྟོགས་ངང་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བཅས་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པའི་བྱ་སྤྱོད་ངོ་མའི་ཐོག་ནས་མཚོན་པར་བྱེད་དགོས། གསུམ་ནས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་པ་དང་། དམིགས་ཡུལ་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བློ་ལ་བབས་མིན་དེ་བརྗོད་བྱ་གཙོ་བོའི་སློབ་གསོའི་ཕན་འབྲས་ཤན་འབྱེད་བྱེད་པའི་རྩ་བའི་ཚད་གཞིར་འཛིན་པ་དང་། མི་དམངས་མང་ཚོགས་ཀྱི་སེམས་ཁུར་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁེ་ཕན་གནད་དོན་ཐག་གཅོད་བྱེད་པ། དམངས་འཚོར་ཕན་པའི་བྱ་བ་ཏན་ཏིག་སྒྲུབ་པ། དམངས་སེམས་ལ་དྲོ་སྐྱིད་སྟེར་བའི་དོན་དག་ཞིབ་ཕྲ་སྒྲུབ་པ། དམངས་ཀྱི་བསམ་འདུན་དང་མཐུན་པའི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་ཕན་པ་སྐྲུན་ཐུབ་པ་བྱ་དགོས་ཞེས་གསུངས་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཡིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད།
ལི་ཀན་ཅེ་དང་། ཧོ་ལི་ཧྥེང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ནས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བདུན་པའི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས་ཡོད།།