ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཁག་སོ་སོར་ཀྲུང་གོ་དང་ཨུ་རུ་སུའི་སྲིད་འཛིན་ཏང་གི་སྐད་ཆ་ཤོད་རེས་སྒྲིག་གཞིའི་ཚོགས་འདུ་ཐེངས་བཅུ་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ།
ཟླ ༡༡ ཚེས ༢༠ ཉིན། ཀྲུང་གོ་དང་ཨུ་རུ་སུའི་སྲིད་འཛིན་ཏང་གི་སྐད་ཆ་ཤོད་རེས་སྒྲིག་གཞིའི་ཚོགས་འདུ་ཐེངས་བཅུ་པ་དེ་བརྙན་ལམ་ཐོག་ནས་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱིས་ཁག་སོ་སོར་ཚོགས་འདུར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་ཡོད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་། ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན། མིག་སྔར། ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་པ་དང་། འཛམ་གླིང་འདི་ཉིད་ཟང་ཟིང་དང་འཕོ་འགྱུར་གྱི་དུས་མཚམས་གསར་པར་སླེབས་ཡོད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཉམས་སད་དྲག་པོ་ཐེག་སྟེ། ཐོག་མཐའ་བར་གསུམ་དུ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་དང་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པའི་མ་དཔེ་བཙུགས་པས། གོ་ལ་ཧྲིལ་པོ་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བར་འཐབ་ཇུས་ཀྱི་རིན་ཐང་སྔར་བས་མངོན་གསལ་པོ་ཐོན་ཡོད། སང་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༧༥ འཁོར་བའི་ལོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་བྱས་ཏེ། ཡུན་རིང་ཁྱིམ་མཚེས་མཛའ་གྲོགས་དང་། ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས། གཉིས་ཕན་མཉམ་ལས་མཉམ་རྒྱལ་བཅས་ཀྱི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་བཏང་ཐོག རྒྱལ་ཁབ་གཉིས་པོའི་རང་ངོས་གོང་འཕེལ་དང་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་དང་གཅིག་གྱུར་ཨུ་རུ་སུའི་ཏང་གི་སྤེལ་རེས་མཉམ་ལས་ནི་དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ཀྲུང་གོ་དང་ཨུ་རུ་སུའི་སྲིད་འཛིན་ཏང་གི་སྐད་ཆ་ཤོད་རེས་སྒྲིག་གཞི་དེ་རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་། འཐབ་ཇུས་མཉམ་ལས་བྱེད་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་བསལ་ཐབས་ལམ་དང་ལས་སྟེགས་ཤིག་ཏུ་གྱུར་ཡོད། ཏང་གཉིས་པོས་སྐད་ཆ་ཤོད་རེས་སྒྲིག་གཞིའི་ཚོགས་འདུ་ཐེངས་བཅུ་པ་འཚོགས་པ་དེ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་ཆེན་པོའི་ཏང་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་པ་དང་། དུས་སྐབས་གསར་པའི་འགྲོ་འོང་གི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། སྒྲིག་གཞི་ཅན་གྱི་སྤེལ་རེས་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོབ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་སྟོབས་ཤུགས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག
ཕུའུ་ཅིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་། ཨུ་རུ་སུ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། རྒྱལ་ཁབ་གཉིས་པོས་དཔལ་འབྱོར་དང་། འགྲིམ་འགྲུལ། ནུས་རྒྱུ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་ཆེ་གྲས་མང་པོར་ཐུན་མོང་ཐོག་སྐུལ་འདེད་གཏོང་བཞིན་པ་དང་། ཕྱོགས་གཉིས་པོའི་ཐབས་ལམ་དང་དེ་བཞིན་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དང་འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་སྒྲིག་གཞི་བརྒྱུད་ལངས་ཕྱོགས་མཐུན་སྦྱོར་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐག་གཅོད་བྱས་ཏེ། དེ་བས་དྲང་གཞག་དང་དམངས་གཙོའི་རྒྱལ་སྤྱིའི་སྒྲིག་ལམ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། གཅིག་གྱུར་ཨུ་རུ་སུའི་ཏང་དང་ཀྲུང་གོ་གུང་ཁྲན་ཏང་ནི་ཨུ་རུ་སུ་དང་ཀྲུང་གོའི་སྲིད་འཛིན་ཏང་ཡིན་པའི་ངོས་ནས་ཆུ་ཚད་མཐོ་བ་དང་དགེ་མཚན་ལྡན་པའི་མཉམ་འགུལ་གྱིས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་མང་པོའི་མཉམ་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཏང་གཉིས་ཀྱི་ཀྲུང་དབྱང་ལས་ཁུངས་དང་ས་གནས་ལས་ཁུངས་ཀྱིས་སྒྲིག་གཞི་ཅན་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ཐོག ཏང་འཛུགས་སྐྱོང་དང་། ཁྲིམས་འཛུགས། སྤྱི་ཚོགས་སོགས་ཁྱབ་ཁོངས་ཀྱི་ལས་དོན་ལ་དམིགས་ནས་ཕན་ཡོད་ཀྱི་ཉམས་མྱོང་སྤེལ་རེས་བྱས་ཏེ། ཕྱོགས་གཉིས་དང་རྒྱལ་སྤྱིའི་གྲོས་རིམ་ཁྲོད་ཀྱི་དངོས་ཡོད་གནད་དོན་རབ་དང་རིམ་པར་གྲོས་བསྡུར་གཏིང་ཟབ་བྱེད་བཞིན་ཡོད། ཨུ་རུ་སུ་དང་ཀྲུང་གོའི་སྲིད་འཛིན་ཏང་གི་སྐད་ཆ་ཤོད་རེས་སྒྲིག་གཞིའི་ཚོགས་འདུ་ཐེངས་བཅུ་པའི་ཐོག་སྤེལ་བའི་སྐད་ཆ་ཤོད་རེས་ལ་ནང་དོན་ཕུན་སུམ་ཚོགས་པོ་དང་དགེ་མཚན་ལྡན་པའི་རང་བཞིན་ལྡན་རྒྱུ་ཡིན་པས། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར་གྲུབ་འབྲས་ཀྱིས་ཕྱུག་པའི་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྔར་བས་སྐུལ་འདེད་ཐེབས་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་ཨ་རིའི་མཛའ་གྲོཊ་ཚོཊ་པའི་དགའ་བསུའི་གསོལ་སྟོན་ལ་ཞུཊ། ཞི་ཅིན་ཕིང་དང་པའེ་ཏེང་ནས་ཀྲུང་ཨའི་གཙོ་བདག་གི་མཇལ་འཕྲད་གནང་། ཞི་ཅིན་ཕིང་པེ་ཅིང་ནས་ཞལ་གྱེས་ཏེ་ཨ་རིར་ཕེབས་འབྱོར་ཟིན་པ།