གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ལི་དང་མཇལ་འཕྲད་གནང་བ།

སྤེལ་དུས་: 2024ལོ་12ཟླ་04ཚེས་ 16:57 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༣ ཉིན་གྱི་ཕྱི་དྲོ་པེ་ཅིང་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་མཇལ་འཕྲད་གནང་ཡོད།

ཞི་ཅིན་ཕིང་གིས་ཨའོ་ལི་ཡིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ནེ་པ་ལའི་མཛའ་གྲོགས་བྱ་གཞག་ཐད་བློ་བརྟན་འགྱུར་མེད་ངང་དམ་པ་དོན་དུ་གཉེར་བར་བསྔགས་བརྗོད་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ནེ་པ་ལ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན་པ་དང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་བྱས་པས། ཕྱོགས་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། སང་ལོ་ནི་ཀྲུང་གོ་དང་ནེ་པ་ལའི་དབར་ཕྱི་འབྲེལ་བཙུགས་ནས་ལོ ༧༠ འཁོར་བའི་ལོ་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་ཐོག་བཞག་ཡོད། ནེ་པ་ལ་ཕྱོགས་དང་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་ཀྱིས་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་བརྟན་དུ་བཏང་སྟེ། ཀྲུང་གོ་དང་ནེ་པ་ལའི་གོང་འཕེལ་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་པའི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ནེ་པ་ལས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་གྱི་འགྲོ་ལམ་བདམས་པར་ཀྲུང་གོས་བརྩི་འཇོག་བྱ་རྒྱུ་དང་། ནེ་པ་ལས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ནེ་པ་ལ་ཕྱོགས་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་འདོད་ཡོད། ཀྲུང་གོ་དང་ནེ་པ་ལའི་ཧི་མ་ལ་ཡ་བརྒལ་བའི་ལངས་གཟུགས་ཀྱི་མཉམ་འབྲེལ་མཉམ་མཐུད་དྲ་བ་འཛུགས་རྒྱུ་དེ་བསམ་བཀོད་ནས་དོན་དངོས་སུ་འགྱུར་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་དང་དངོས་གཉེར་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་སྤུས་ཚད་མཐོ་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པ། འགག་སྒོ་དང་། འགྲིམ་འགྲུལ། གློག་དྲ། འཕྲིན་གཏོང་སོགས་མཉམ་འབྲེལ་མཉམ་མཐུད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ནེ་པ་ལ་དེ་ཉིད་སྐམ་སའི་སྒོ་བཀག་རྒྱལ་ཁབ་ནས་སྐམ་སའི་འབྲེལ་མཐུད་རྒྱལ་ཁབ་ལ་སྒྱུར་མགྱོགས་སུ་གཏོང་རོགས་བྱས་ཏེ། ནུས་པས་གང་ལྕོགས་ཀྱི་ཁྱབ་ཁོངས་ནང་ནེ་པ་ལའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་བར་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་ཁེ་ལས་ནེ་པ་ལར་མ་འཇོག་ལས་དར་བྱེད་པར་བསྐྱོད་རྒྱུར་སྐུལ་མ་གཏོང་འདོད་ཡོད། ནེ་པ་ལས་ཀྲུང་གོར་སྤྱི་ལོ ༢༠༢༥ ལོ་དེ་ནེ་པ་ལའི་ཡུལ་སྐོར་ལོར་གཏན་འཁེལ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པར་ཀྲུང་གོས་རྒྱབ་སྐྱོར་བྱ་རྒྱུ་དང་། ནེ་པ་ལའི་གྲོགས་པོ་ཚོ་ཀྲུང་གོར་ཚོང་གཉེར་དང་། ཡུལ་སྐོར། སློབ་སྦྱོང་བཅས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ནེ་པ་ལ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་པོའི་ནང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་འདུག

ཨའོ་ལི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པས། མིའི་རིགས་ཀྱི་ཡར་ཐོན་ལོ་རྒྱུས་ནང་ངོ་མཚར་དང་ལྡན་པ་ཞིག་རེད་ཅེས་བརྗོད་ཆོག ཀྲུང་གོའི་གྲོགས་པོ་ཡིན་པའི་ངོས་ནས། ནེ་པ་ལ་ཕྱོགས་སྤོབས་པ་ཆེན་པོ་སྐྱེ་གི་འདུག་ལ་སྐུལ་ལྕག་ཀྱང་ཆེན་པོ་ཐེབས་བྱུང་། ཀྲུང་གོའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། རང་ངོས་གོང་འཕེལ་དང་དར་རྒྱས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ནེ་པ་ལ་དང་ཀྲུང་གོའི་དབར་མཛའ་གྲོགས་ཁོ་ན་ལས་གནད་དོན་མེད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་མཛའ་གྲོགས་དང་། འདྲ་མཉམ། བརྩི་འཇོག་བཅས་ལ་བརྟེན་གྱི་ཡོད། ཀྲུང་གོས་ནེ་པ་ལར་རྩ་ཆེའི་རྒྱབ་སྐྱོར་སྣ་ཚོགས་གནང་ནས་ནེ་པ་ལ་དེ་ཉིད་སྐམ་སའི་སྒོ་བཀག་རྒྱལ་ཁབ་ནས་སྐམ་སའི་འབྲེལ་མཐུད་རྒྱལ་ཁབ་ལ་འགྱུར་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནེ་པ་ལ་ཕྱོགས་མུ་མཐུད་དེ་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་ནང་ཧུར་ཐག་ངང་ཞུགས་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ནེ་པ་ལར་མ་འཇོག་བྱེད་པར་ཡོང་རྒྱུ་དང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། བོད་ལྗོངས་དང་ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པས། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་རྒྱུ་དང་། སྟོབས་ཤུགས་གང་རུང་ཞིག་གིས་ནེ་པ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་དུ་མི་འཇུག་པ་དང་། ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་གཏོང་དུ་མི་འཇུག་པ། ཕྱིའི་རྒྱལ་ཁབ་གང་རུང་ཞིག་གིས་ཀྱང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་སོགས་གྲོས་འགོ་གལ་ཆེན་རབ་དང་རིམ་པས་མིའི་རིགས་ཀྱིས་མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུར་ཕན་ཐོགས་ཡོད་པས། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཕྱོགས་གཉིས་པོས༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པ་ལའི་མཉམ་འབྲེལ་གསལ་བསྒྲགས༽སྤེལ་ཡོད།

ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཞི་པའི་ཐོག་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིཊ་འདིའི་ཨ་རབ་ཡི་གེའི་པར་མ་བཀྲམ། ཞི་ཅིན་ཕིང་གིས་དབུ་ཚོགས་འདིའི་ཐོག་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ཚོགས་འདུ་གལ་ཆེན་འདིར་ཞུགས་སྐབས་གསུངས་དོན།