སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་དང་། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དང་མི་སེམས་ཕྱོགས་མིན་ལ་ལྟ་ཞིབ་བྱེད་པའི་ཆར་བརྟག་ཡོ་བྱད་ལྟ་བུ་ཡིན་ཞེས་བསྟན་གནང་ཡོད། ༢༠༡༢ ལོའི་ཟླ ༡༢ ཚེས ༤ ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་གཏོང་རྒྱུ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དོན་ཚན་བརྒྱད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་གོང་ནས་འོག་བར་དང་། དཀར་པོ་གྱེན་འདེད་དང་ནག་པོ་ཐུར་འདེད་ལྟར་བཟང་བསྟོད་ངན་སྨད་བྱས་ཏེ། སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་འགོ་ཚུགས་ཡོད།
ལོ་བཅུ་ལྷག་ཙམ་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོར་དམིགས་སུ་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་བཏང་བ་དང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། དུས་ཡུན་རིང་པོར་བཀག་སྡོམ་བྱེད་ཐུབ་མེད་པའི་སྤྱོད་ཚུལ་ངན་པ་བཀག་སྡོམ་ཐུབ་ཡོད་པ་དང་། ལོ་མང་རིང་ཡོ་བསྲང་ བྱེད་ཐུབ་མེད་པའི་གནད་དོན་ཡོ་བསྲང་ཐུབ་ཡོད་ཅིང་། ཏང་སྲོལ་དང་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་བ་དང་། སྤྱི་སྲོལ་དང་དམངས་སྲོལ་མུ་མཐུད་ལེགས་སུ་ཕྱིན་ཡོད། གཏན་འབེབས་དོན་ཚན་བརྒྱད་དེ་དུས་རབས་གསར་པའི་གུང་ཁྲན་ཏང་མིའི་གསེར་བྱང་ལྟ་བུ་ཞིག་ཏུ་གྱུར་ཡོད།
༢༠༢༤ ལོའི་ཟླ ༡༢ ཚེས ༢༦ ཉིན་ནས་ཚེས ༢༧ ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། གྲོས་རིམ་གལ་ཆེན་ཞིག་ནི ༢༠༢༤ ལོའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་རྒྱུ་དེ་ཡིན། དེ་ནི་ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གཏན་འཇགས་ཀྱི་བཀོད་སྒྲིག་ཅིག་ཏུ་གྱུར་ཡོད། གཏན་འབེབས་དོན་ཚན་བརྒྱད་དེ་ཡང་མི་རྣམས་ཀྱིས་རྒྱུས་མངའ་ཤིན་ཏུ་ཆེ་བའི་ཐ་སྙད་ཅིག་ཏུ་གྱུར་ཡོད།
ཏང་གི་སྤྱོད་ཚུལ་ནི་མི་སེམས་ཕྱོགས་མིན་དང་འབྲེལ་བ་ཡོད་པ་དང་། ཏང་གི་འཆི་གསོན་དང་འབྲེལ་བ་ཡོད། ༢༠༡༢ ལོའི་ཟླ ༡༡ པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་གསར་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་མཇལ་འཕྲད་གནང་བའི་ཚོགས་འདུའི་ཐོག ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། ང་ཚོའི་འགན་འཁྲི་ནི་ཏང་ཡོངས་ཀྱི་བློ་མཐུན་དང་མཉམ་དུ་ཏང་གིས་ཏང་དོ་དམ་དང་ཏང་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་ངོས་ལ་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་དང་། ལས་ཀའི་སྤྱོད་ཚུལ་ལེགས་བཅོས་ཏན་ཏིག མང་ཚོགས་དང་འབྲེལ་བ་དམ་ཟབ་བཅས་བྱས་ནས། རང་རེའི་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་ཡིན་ཞེས་བསྟན་གནང་ཡོད།
ཟླ་ཕྱེད་ལྷག་ཙམ་གྱི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ལས་ཀའི་སྤྱོད་ཚུལ་ལེགས་བཅོས་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དོན་ཚན་བརྒྱད་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་དང་། ཡིག་འབྲུ ༦༠༠ ལྷག་ཙམ་ལས་མེད་ནའང་། བརྟག་དཔྱད་ཞིབ་འཇུག་དང་ཚོགས་འདུ་བྱེད་སྒོ་སོགས་ཕྱོགས་བརྒྱད་ཀྱི་ཐད་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་སྒྲིག་སྲོལ་བཟོས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་བཟོས་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གལ་ཆེན་དང་པོ་དེ་ཡིན་པའི་ངོས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཏང་ཡོངས་ཀྱི་སྤྱོད་ཚུལ་ལེགས་བཅོས་བྱེད་པར་སྐུལ་སློང་གི་བཀའ་རྒྱ་བཏང་ཡོད།
ཉིན་ཤས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཏུང་ཧྲེན་ཀྲེན་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་། དམངས་ལ་བྱམས་ཤིང་བབ་ཆགས་པའི་ལས་ཀའི་སྤྱོད་ཚུལ་གྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ནས། ཏང་ཡོངས་ཀྱིས་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱེད་པར་མིག་དཔེ་སྟོན་གནང་ཡོད། ལྕེ་རྩེའི་ཐོག་གི་འཕྲོ་བརླག་དང་། སྤྲོ་ཁང་ནང་གི་སྲོལ་ངན། འཁོར་ལོའི་ཐོག་གི་རྒྱས་སྤྲོས་སོགས་བཅོས་སྒྲིག་བྱེད་པ་ནས་ཚད་བརྒལ་གྱི་གཞུང་ལས་ཁང་པ་སྤྱོད་པ་དང་གཞུང་དངུལ་བཏང་ནས་ཟ་འཐུང་བྱེད་པ། གཞུང་དངུལ་བཏང་ནས་ཡུལ་སྐོར་དུ་འགྲོ་བ་བཅས་གཙང་བཤེར་བྱེད་པའི་བར། གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཐེངས་དང་པོར་དུས་ཡུན་རིང་པོར་བཀག་སྡོམ་བྱེད་ཐུབ་མེད་པའི་སྤྱོད་ཚུལ་ངན་པ་བཀག་སྡོམ་བྱས་ཡོད་པ་དང་། ལོ་མང་རིང་ཡོ་བསྲང་བྱེད་ཐུབ་མེད་པའི་གནད་དོན་ཡོ་བསྲང་ཐུབ་ཡོད། ཏང་སྲོལ་དང་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་བ་དང་། སྤྱི་སྲོལ་དང་དམངས་སྲོལ་མུ་མཐུད་ལེགས་སུ་ཕྱིན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། སྤྱོད་ཚུལ་ངན་པ་བཞིའི་གནད་དོན་མུ་མཐུད་བཅོས་སྒྲིག་བྱས་ཏེ། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
༢༠༡༧ ལོའི་ཟླ ༡༠ ཚེས ༢༧ ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚོགས་འདུ་མཇུག་སྒྲིལ་རྗེས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག ཡིག་ཆ་གལ་ཆེན་ཞིག་སྟེ། ༼ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ༽ལ་གྲོས་ཞིབ་བྱས་ཡོད་པ་དང་། གཙོ་གནད་ཐོག་བརྟག་དཔྱད་ཞིབ་འཇུག་ལེགས་བཅོས་དང་ཚོགས་འདུ་དང་བྱེད་སྒོ་སྟབས་བསྡུས་གཏོང་བ་སོགས་ཐད་ཀྱི་ནང་དོན་སྔར་བས་ཚད་ལྡན་དང་ཞིབ་ཕྲ། འཐུས་ཚང་བཅས་བཟོས་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་འགོ་ཚུགས་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་། བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང་། འགག་རྩའི་ཉུང་ཤས་ལ་དམ་འཛིན་གྱིས་གོང་གིས་འོག་ལ་སྣེ་ཁྲིད་བྱེད་དགོས། སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་བྱ་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙོ་གནད་ཐོག་བཅོས་སྒྲིག་བྱས་ནས། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་མཐའ་གཅིག་ཏུ་མེད་པ་བཟོ་དགོས་ཞེས་ནན་སྟོན་གནང་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པ་མཇུག་སྒྲིལ་ནས་ཉིན ༣ སོང་བའི་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་ནས། ༼ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ༽ལ་གྲོས་ཞིབ་བྱས་ཡོད། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ཐད་གཏན་འབེབས་བཟོས་པ་ནས། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་སྔར་བས་ཞིབ་ཚགས་སུ་བཏང་བའི་བར་དང་། དེ་ནས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་བཏོན་པའི་བར། གཅིག་རྒྱུན་གཅིག་འཛིན་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་མཐར་ཕྱིན་པ་བྱ་རྒྱུའི་བརྡ་རྟགས་གསལ་སྟོན་བྱས་ཡོད།
ཉེ་དུས། ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཏང་ཡོངས་ཀྱིས་གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་སྲིང་ལྷོད་མེད་ངང་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཚེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་སྲུང་བྱེད་ཐུབ་ངེས་ཡིན།
ཞི་ཅིན་ཕིང་གིས། ང་ཚོས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་རེའི་ཏང་གིས་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བ་བྱེད་དགོས་ཞེས་གསུངས་གནང་ཡོད།།