གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ཚོགས་འདུ་འདིའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ།

སྤེལ་དུས་: 2025ལོ་05ཟླ་12ཚེས་ 15:48 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་པོས་ཐུན་མོང་ཐོག་གྲོས་ཐག་བཅད་པ་བརྒྱུད། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པའི་གླེང་སྟེགས་ཀྱི་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་དེ་སྤྱི་ཟླ ༥ པའི་ཚེས ༡༣ ཉིན་པེ་ཅིང་དུ་འཚོགས་རྒྱུ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་གསུང་བཤད་གལ་ཆེན་གནང་རྒྱུ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་རྒྱུ་རེད། ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ངམ་འཐུས་མི། འབྲེལ་ཡོད་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས་རྒྱུ་རེད།

ཕྱི་འབྲེལ་པུས་སྤྱི་ཚེས ༡༡ ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་ཀྱི་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུའི་སྐོར་ལ་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་བརྡ་ཁྱབ་ཚོགས་འདུ་འཚོགས་པ་རེད།

ཕྱི་འབྲེལ་པུས། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཀྱི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བའི་གོང་འཕེལ་ལ་ཕྱིར་དྲན་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པོ་དང་ལག་ལེན་གྱི་གྲུབ་འབྲས། མདུན་ལམ་རྒྱ་ཆེན་པོ་བཅས་རྒྱས་བཤད་གནང་རྒྱུ་ཡིན་ཞིང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་གཏོང་བའི་གྲོས་འགོ་གསར་པ་དང་བྱེད་ཐབས་གསར་པ་བཏོན་ཏེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་སྒུལ་ནུས་གསར་པ་སྣོན་རྒྱུ་རེད། ཚོགས་འདུའི་ཐོག་གྲུབ་འབྲས་ཡིག་ཆ་མང་པོ་ཞིག་ལ་གྲོས་འཆམ་བྱ་རྒྱུ་ཡིན་པ་དང་། དེའི་ནང་ཕྱོགས་གཉིས་པོའི་ཚན་རྩལ་གསར་གཏོད་དང་། དཔལ་འབྱོར་ཉོ་ཚོང་མ་འཇོག མི་ཐབས་རིག་ནུས། དངུལ་རྩ། རྨང་གཞིའི་སྒྲིག་བཀོད། ཞིང་ལས་འབྲུ་རིགས། བཟོ་ལས་དང་ཆ་འཕྲིན་ཅན། ནུས་ཁུངས་གཏེར་ཐོན། དེ་བཞིན་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུའི་ཞིབ་ཕྲའི་བྱེད་ཐབས་ཚུད་ཡོད་ཅིང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གིས་ཞི་བདེ་བརྩོན་ལེན་དང་འཕེལ་རྒྱས་དོན་གཉེར། མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཐད་ཀྱི་ཆོད་སེམས་བརྟན་པོ་མངོན་རྒྱུ་རེད་ཅེས་བརྗོད་ཡོད།

ལོ་བཅུའི་གོང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་དང་པོ་དེ་པེ་ཅིང་དུ་ལེགས་གྲུབ་ལྡན་པའི་ངང་འཚོགས་པ་རེད། ལོ་བཅུའི་རིང་། གཙོ་བདག་གི་ཕྱི་འབྲེལ་འཐབ་ཇུས་ཀྱི་སྣེ་ཁྲིད་དང་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་ཀྱིས་པུའུ་ཀྲང་རིམ་པའི་ཚོགས་འདུ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་ཤིང་རྟ་འཁོར་ལོའི་ཕྱི་འབྲེལ་པུའུ་ཀྲང་གི་གླེང་མོལ། རྒྱལ་ཁབ་མཐུན་སྦྱོར་པའི་ཚོགས་འདུ་སོགས་ལམ་སྲོལ་བཙུགས་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་སྤྱི་ཡོངས་མཉམ་ལས་ཀྱི་གདུང་བཞི་ཀ་བརྒྱད་བཙུགས་ཡོད། ཕྱི་འབྲེལ་པུའི་པུའུ་ཀྲང་གི་ལས་རོགས་མིའོ་ཏེ་ཡུས་ཀྱིས། ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་དངོས་སུ་འཁོར་སྐྱོད་བྱས་ནས་ལོ་བཅུ་འཁོར་བའི་སྐབས་སུ། སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་འཚོགས་པ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་པོས་གྲོས་མོལ་བྱས་ནས་སྤྱད་པའི་སྔ་འཛིན་ཕྱི་གཏོད་དང་མཉམ་གྲོས་མཉམ་ལས། འབྱུང་འགྱུར་མཉམ་གཏོད་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་འཕེལ་རིམ་ཁྲོད་མཚོན་རྟགས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅིང་། འཛམ་གླིང་ཡོངས་ལ་མཐུན་སྒྲིལ་རོགས་ལས་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པའི་བརྡ་རྟགས་གསལ་པོ་ཞིག་གཏོང་ཐུབ་ཅེས་གསུངས་པ་རེད།

ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་དུ་འཚམས་འདྲི་ཐེངས ༦ གནང་བ་དང་། ཕྱོགས་གཉིས་དང་ཕྱོགས་མང་གི་ཚོགས་རར་ས་ཁུལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་སྒུལ་དམ་ཟབ་གནང་སྟེ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་འགོད་དངོས་སུ་བཀོད་གནང་བ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་དེ་འདྲ་མཉམ་དང་གཉིས་ཕན། གསར་གཏོད། སྒོ་འབྱེད། དམངས་ཕན་བཅས་ཀྱི་དུས་རིམ་གསར་པའི་ནང་སླེབས་རྒྱུར་སྣེ་ཁྲིད་གནང་ཞིང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པར་ནང་དོན་ཟབ་མོ་བསྣན་ཡོད། བཙན་དབང་ལ་ངོ་རྒོལ་དང་འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་དར་སྤེལ་གཏོང་རྒྱུ་དེ་ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོན་གཉེར་བྱེད་ཀྱི་ཡོད། ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་ཀས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་མང་རིང་ལུགས་དང་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱེད་པ། ཕྱོགས་རྐྱང་པའི་རིང་ལུགས་དང་དཔལ་འབྱོར་བཙན་ཤེད་ལ་ངོ་རྒོལ་བྱེད་པ། དཔལ་འབྱོར་ཉོ་ཚོང་འབྲེལ་བ་དེ་ཆབ་སྲིད་ཅན་དང་གོ་མཚོན་ཅན་དུ་འགྱུར་བར་ངོ་རྒོལ་བྱེད་ཀྱི་ཡོད། མིའོ་ཏེ་ཡུས་ཀྱིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་ཀྱི་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་འདི་གོ་སྐབས་སུ་བརྩིས་ནས། ལ་ཏིང་མེ་གླིང་ཕྱོགས་དང་གོང་འཕེལ་གྱི་འཆར་གཞི་ཆེན་པོ་མཉམ་གྲོས་དང་མཉམ་ལས་ཀྱི་བྱེད་སྒོ་ཆེན་པོ་མཉམ་སྒྲུབ་བྱས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ་ཐུན་མོང་ཐོག་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་མོ་སི་ཁོར་ཕེབས་འབྱོར་ཟིན་པ། ཞི་ཅིན་ཕིང་ནས་ཀ་ཕོང་གི་གསར་འདེམས་ཙུང་ཐུང་ལ་ཤིས་འཕྲིན་སྤྲིངས། ཞི་ཅིན་ཕིང་དང་སུའུ་ལིན་ནས་མཇལ་མོལ་གནང་བ། ཀྲུང་དབྱང་གི་ཉེ་འཁོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།