ཞོགས་པའི་ཆུ་ཚོད་དགུ་པ་ཙམ་ལ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔལ་རྩལ་ཤང་བན་ཚང་གྲོང་ཚོའི་ཡུལ་མི་ཚེ་རིང་ཆུང་བདག་རང་ཁྱིམ་གྱི་སྔོ་ཚལ་དྲོད་ཁང་ཆེན་པོར་ཡོང་ནས་སུར་པན་བཏུས་ཏེ་ཞིང་ཞོར་ཐོན་རྫས་ཁྲོམ་རར་དབོར་བཞིན་ཡོད། ཁོང་གིས་དགུན་ཁ་སྔོ་ཚལ་གྱི་རིན་གོང་མཐོ་ལ་ལྷག་པར་དུ་ལོ་གསར་རིང་སྔོ་ཚལ་བྲིན་ཁ་རྒྱུག་པོ་འདུག་ཅེས་བཤད།
སྔོ་ཚལ་དྲོད་ཁང་ཆེན་པོ ༦ གཉེར་སྐྱོང་བྱེད་མཁན་ཚེ་རིང་ཆུང་བདག་གི་ཁྱིམ་ཚང་ལ་ན་ནིང་ཡོང་འབབ་སྒོར་ཁྲི ༡༠ ལྷག་ཙམ་བྱུང་ཡོད། ལོ ༢༠ ལྷག་ཙམ་གྱི་གོང་། ཧྲན་ཏུང་ཅི་ནན་གྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་ཁོང་གིས་སྔོ་ཚལ་འདེབས་སྟངས་སྦྱོང་འགོ་ཚུགས་ཏེ་རིམ་བཞིན་ད་ལྟའི་འདེབས་འཛུགས་ཀྱི་གཞི་ཁྱོན་འདི་ཆགས་ཡོད། ཡུལ་མི་སྔར་ལས་མང་བ་དེའི་ནང་ཞུགས་པས་མྱང་ཆུའི་འགྲམ་དུ་གནས་པའི་བན་ཚང་གྲོང་ཚོ་རིམ་བཞིན་ཤིང་འབྲས་དང་སྔོ་ཚལ་འདེབས་གསོའི་ཁྱད་ལྡན་ཐོན་ལས་ཐོན་སྐྱེད་བྱེད་མཁན་དུ་གྱུར། ད་ཆ་དྲོད་ཁང་ཆེན་པོ ༡༧༤ ཡོད་པ་དེ་དག་ནས་ཉིན་ལྟར་ཀྲོ་མ་ཀྲུ་དང་། ཧོང་ཀྭ ཆེ་ཙི། སུར་པན་སོགས་སྔོ་ཚལ་སྣ་ཁ་བཅུ་གྲངས་ཁ་ཤས་ཐོན་གྱི་ཡོད།
དཔལ་རྩལ་ཤང་ཞིང་འབྲོག་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་བཀྲ་ཤིས་དབང་ལགས་ཀྱིས་དགུན་ཁར་དྲོད་ཁང་ཆེན་པོའི་ནང་སྔོ་ཚལ་གཙོ་བོར་བཏབ་ནས་དྲོད་ཁང་ཆེན་པོ་རེ་རེ་ནས་ལོར་ཡོང་འབབ་སྒོར་ཁྲི ༡.༧ ནས་སྒོར་ཁྲི ༢.༣ བར་ཟིན་པ་དང་། བན་ཚང་གྲོང་ཚོར་ཆ་སྙོམས་དུད་ཚང་རེར་དྲོད་ཁང་ཆེན་པོ་གསུམ་རེ་ཟིན་ནས་ཤིང་འབྲས་དང་སྔོ་ཚལ་བཙོངས་པའི་ཡོང་འབབ་ཀྱིས་ས་གནས་དེ་གའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ཕྱེད་ཀ་ཡན་ཟིན་གྱི་ཡོད་ཅེས་ངོ་སྤྲོད་བྱས།
གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མཁོ་ཚོང་ཀུང་སིའི་ཕྱོགས་བསྡུས་ཁྲོམ་རར་བུ་ཆུང་གི་སྔོ་ཚལ་ཚོང་ཁང་གི་ཚོང་ཉི་མ་ཤར་ཤར་ལྟར་ཡིན་པ་དང་། སྔོ་ཚལ་སྣ་ཁ ༣༠ ལྷག་ཙམ་ཚང་མ་པ་སྣམ་རྫོང་ནས་འཐེན་གྱི་ཡོད། ཁོང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཚོང་ཡག་པོ་འདུག ཞོགས་པ་ཚོང་ཁང་དུ་སྤྱིར་བཏང་སྔོ་ཚལ་རྒྱ་མ ༧༠༠༠ ལྷག་ཙམ་དབོར་དགོས་པ་དང་། ཉིན་རེར་ཚོང་གཉེར་དངུལ་འབོར་སྒོར་ཁྲི་གཅིག་ལྷག་ཙམ་ཟིན་གྱི་འདུག་ཅེས་བཤད།
པ་སྣམ་རྫོང་སྔོ་ཚལ་ཆེད་སྒྲུབ་ཚན་པས་བཏོན་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔར་པ་སྣམ་རྫོང་གི་ཉིན་ལྟར་སྔོ་ཚལ་ཐོན་སྐྱེད་ཐུབ་པའི་དྲོད་ཁང་ཆེན་པོ ༤༤༠ ལྷག་ཙམ་དང་འདེབས་འཛུགས་དུད་ཚང་ ༣༠༠༠ ལྷག་ཙམ་ཟིན་གྱི་ཡོད། ཉིན་ལྟར་སྔོ་ཚལ་མཁོ་འདོན་བྱེད་ཚད་ཏུན ༡༢ ཟིན་པ་དེ་དག་གཙོ་བོ་གཞིས་རྩེ་གྲོང་ཁུལ་དང་། པ་སྣམ་རྫོང་། རྒྱལ་རྫེ་རྫོང་སོགས་ལ་འཚོང་གི་ཡོད་པ་རེད།
དེ་དང་ཆབས་ཅིག དྲོད་ཁང་ཆེན་པོའི་འདེབས་འཛུགས་དུད་ཚང་ཁག་གཅིག་གིས་སྔོན་ཚུད་ནས་དབྱར་ཁར་ཁྲོམ་རར་འདོན་རྒྱུའི་ཤིང་འབྲས་བཀོད་སྒྲིག་བྱས་ཏེ་འབྲི་ཏ་ས་འཛིན་དང་། ཀྭ་མངར་མོ། ཁྲེ་ལི་ཙི། ཤིས་ཀྭ ཤིང་འབྲས་ཧོ་ལུང་སོགས་འདེབས་འགོ་བཙུགས་ཡོད། གྲོང་གསེབ་དར་རྒྱས་དཔེ་སྟོན་གྲོང་ཚོ་སྟེ་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་ཨ་ཡ་གྲོང་ཚོར་ཧྲན་ཏུང་ཅི་ནན་ནས་མ་དངུལ་བཏང་སྟེ་རོགས་སྐྲུན་བྱས་པའི་དྲོད་ཁང་ཆེན་པོ ༡༢ དངོས་སུ་སྤྱོད་འགོ་ཚུགས་པ་མ་ཟད། ཤིང་འབྲས་སྣ་ཚོགས་ཀྱི་སྡོང་ཕྲུག་ཀྱང་བཏབ་ཡོད།
ཅི་ནན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་དོ་དམ་ཚོགས་ཆུང་གི་རུ་སྣེ་འཁྲིད་མཁན་པ་སྣམ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལི་ཀོང་ཡའོ་ཡིས་སླད་ཕྱིན་ཤིང་འབྲས་དང་སྔོ་ཚལ་གྱི་སྡོང་ཕྲུག་འདེབས་གསོ་དང་། ཚད་ལྡན་ཅན་གྱི་ཐོན་སྐྱེད། གྲང་ཕྲེང་མཛོད་ཁང་གི་ཟོག་འགྲེམས། སྤུས་རྟགས་སྐྱེད་སྲིང་སོགས་ལ་དམིགས་ནས་ཤིང་འབྲས་དང་སྔོ་ཚལ་ཐོན་སྐྱེད་གཅིག་སྡུད་མཐོར་གཏོང་གི་འཐབ་ཇུས་ལག་ལེན་བསྟར་ཏེ་ཞིང་འབྲོག་པ་སྔར་ལས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱ་རྒྱུ་ཡིན་ཚུལ་ངོ་སྤྲོད་བྱས།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
༼གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག༽བཀྲམ་པ། གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་སྨུག་གྲོང་ཚོར་གཞུང་འཁྱོངས་གསར་འབྱེད་བྱེད་མཁན་ལྷ་མོ་ཚོགས་པ་ཞིག་ཡོད། བསམ་གྲུབ་རྩེ་ཆུས་ཀྱིས་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཡག་པོ་བཅུ་བདམས་པ། རྣམ་གླིང་རྫོང་གིས་དམངས་ལ་ཕྱུག་འགྱུར་ལམ་བུ་ཞིག་བཙལ་འདུག