ཟླ ༡༡ ཚེས ༢༠ ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་ཞལ་པར་བསྐྱོན་ཡོད།
ཞི་ཅིན་ཕིང་གིས།ཙུང་ཐུང་སྐུ་ཞབས་ཀྱིས་ད་ལོའི་ཟླ ༤ པའི་ནང་ཀྲུང་གོར་འཚམས་འདྲི་ལེགས་པར་གནང་ཚུན།ཀྲུང་གོ་དང་ཧྥ་རན་སེའི་རིམ་པ་ཁག་གི་འགྲོ་འོང་མགྱོགས་མྱུར་སླར་གསོ་བྱུང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་ཐེབས་ཤིང་། གྲུབ་འབྲས་མི་ཉུང་བ་ཐོབ་ཡོད། ༢༠༢༤ ལོར། ང་ཚོས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༦༠ འཁོར་བར་བསུ་བ་ཞུ་རྒྱུ་རེད། ཕྱོགས་གཉིས་པོས་ལོ་རྒྱུས་ཀྱི་མཐུད་རྒྱུག་དེ་བརྒྱུད་འདྲེན་ཡག་པོ་བྱེད་པ་དང་། ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་སྲོལ་རྒྱུན་གྱི་མཛའ་གྲོགས་བཟང་པོའི་རྒྱུན་བསྐྱངས་ཏེ། ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཧྥ་རན་སེ་དང་ལྷན་དུ་མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་དང་། ཀྲུང་གོ་དང་ཧྥ་རན་སེའི་རིམ་པ་མཐོ་བའི་མི་ཆོས་རིག་གནས་སྤེལ་རེས་སྒྲིག་གཞིའི་གྲོས་ཚོགས་གསར་པ་ཡག་པོ་འཚོག་པ། སློབ་གསོ་དང་རིག་གནས། ཚན་ཞིབ་སོགས་ཀྱི་མཉམ་ལས་ལ་འཕེལ་རིམ་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་འགྲོ་འོང་ལ་སྐུལ་འདེད་གཏོང་བ་བཅས་བྱ་འདོད་ཡོད། ཧྥ་རན་སེས་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དང་སྐབས་དྲུག་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཧུར་ཐག་ཞུགས་པར་ཀྲུང་གོས་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་དང་། ཧྥ་རན་སེའི་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་ཞུགས་པ་མཐོང་འདོད་ཡོད་ལ། ཧྥ་རན་སེའི་ཁེ་ལས་དེ་བས་མང་བ་ཀྲུང་གོར་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧྥ་རན་སེར་མ་འཇོག་བྱེད་པར་བསྐྱོད་རྒྱུར་ཧྥ་རན་སེས་དྲང་བཞག་དང་མཐོང་ཆུང་མེད་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་ཡང་ཡོད། ཀྲུང་གོས་ཧྥ་རན་སེའི་ཕྱོགས་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་ཁུངས་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་དབར་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་ ༢༠ འཁོར་བའི་ལོ་རེད། མིག་སྔའི་ཟང་ཟིང་ཆེ་ལ་རྙོག་འཛིང་ལྡན་པའི་འཛམ་གླིང་ཁྲོད། ཀྲུང་གོ་དང་ཡོ་རོབ་དབར་གཉིས་ཕན་མཉམ་ལས་དོན་དུ་གཉེར་བའི་རོགས་ཟླ་བཟང་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཧྥ་རན་སེས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་གོང་འཕེལ་གང་ལེགས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས།ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་དབར་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་པའི་ཁྱབ་ཁོངས་ནང་མཉམ་ལས་གང་ལེགས་བྱེད་བཞིན་ཡོད་ཅིང་། ཏི་པའེ་རུ་འཚོག་གྲབས་ཡོད་པའི༼མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས༽ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉི་ཤུ་རྩ་བརྒྱད་པའི་ཐོག༼ཕ་རི་སིའི་གྲོས་ཆོད༽ལ་རྩིས་བཤེར་ཐེངས་དང་པོ་བྱ་རྒྱུ་དང་། ལག་བསྟར་འཕེལ་རིམ་ལ་ཕྱོགས་བསྡོམས་དཔྱད་དཔོག་བྱ་རྒྱུ་ཡིན་ཞིང་། མ་འོངས་པའི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་གི་འཕེལ་རིམ་ལ་མཛུབ་སྟོན་བྱ་རྒྱུ་རེད།༼ཕ་རི་སིའི་གྲོས་ཆོད༽ཀྱི་ལམ་ལུགས་སྒྲོམ་གཞིར་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། ཡང་སྒོས་སུ་ཐུན་མོང་ཡིན་ལ་དབྱེ་བ་ཡོད་པའི་འགན་འཁྲིའི་རྩ་དོན་དང་རྒྱལ་ཁབ་ཀྱིས་ལེགས་སྐྱེས་འབུལ་བའི་རང་བརྟེན་རང་བཞིན་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།ཀྲུང་གོས་ཧྥ་རན་སེའི་ཕྱོགས་དང་ལྷན་དུ་ཕྱི་ཕྱོགས་ལ་ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བརྡ་འཕྲིན་ཤུགས་ཆེན་པོ་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཏི་པའེ་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
མ་ཁེ་ལུང་གིས།ང་རང་ནས་ད་ལོའི་ཟླ ༤ པའི་ནང་ཀྲུང་གོར་འཚམས་འདྲི་གང་ལེགས་ཞུས་པའི་སྐོར་སེམས་ནང་ཝ་ལེར་འཆར་གྱིན་འདུགཉེ་ལམ་རྒྱལ་ཁབ་གཉིས་པོའི་རིམ་པ་ཁག་གིས་འགྲོ་འོང་དང་སྐད་ཆ་ཤོད་རེས་བྱེད་ཚུལ་དེ་མཐོང་སྐབས་བློ་ཡིད་ཚིམ་པོ་བྱུང་། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག་ཏུ། ཧྥ་རན་སེ་དང་ཀྲུང་གོའི་དབར་འཐབ་ཇུས་འབྲེལ་གཏུག་དང་མཉམ་ལས་རྒྱུན་འཁྱོངས་བྱེད་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ཧྥ་རན་སེའི་ཕྱོགས་ནས་སང་ལོར་ཧྥ་རན་སེ་དང་ཀྲུང་གོ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༤༠ འཁོར་བ་གོ་སྐབས་སུ་བྱས་ཏེ། ཀྲུང་གོའི་དབར་མཐོ་རིམ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་མཁའ་འགྲུལ།མི་ཆོས་རིག་གནས་སོགས་པའི་ཁྱབ་ཁོངས་ནང་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཧྥ་རན་སེས་ཀྲུང་གོ་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཏི་པའེ་ཚོགས་ཆེན་ཐད་འབྲེལ་གཏུག་དམ་ཟབ་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་མུ་མཐུད་མཉམ་ལས་ཐོག་ནས་ཐག་གཅོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཧྥ་རན་སེས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་ལས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་སྔར་ལས་ལྷག་པ་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐད་དགོངས་འཆར་བརྗེ་རེས་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས། མིག་སྔའི་ཆར་ཁ་ཚ་དགོས་གཏུག་གི་ལས་འགན་ནི་ཕ་དབྱིའི་དུས་བབ་ཇེ་སྡུག་ཏུ་འགྲོ་རྒྱུ་བཀག་འགོག་བྱ་རྒྱུ་དང་། ལྷག་པར་དུ་དེ་བས་ཚབས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་མི་ཐོན་པ་བྱ་རྒྱུ་དེ་ཡིན་ཞེས་དང་། རྒྱལ་ཁབ་གཉིས་པོའི་ཇུས་གཞི་ནི་ཕ་དབྱིའི་གདོང་ཐུག་ཡང་ནས་བསྐྱར་དུ་ཐོན་པ་ཐག་གཅོད་བྱེད་པའི་རྩ་བའི་ཐབས་མཆོག་དེ་ཡིན་པའི་ངོས་འཛིན་གནང་ཡོད། ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་མུ་མཐུད་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་རྒྱུར་ཕྱོགས་གཉིས་པོས་མོས་མཐུན་གནང་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ། ཀྲུང་ཨའི་གཙོ་བདག་གི་ཞལ་འཛོམས་མཇུག་འགྲིལ་བ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་རྗེས་ཞི་ཅིན་ཕིང་པེ་ཅིང་དུ་ལོག་ཕེབས་པ། ཞི་ཅིན་ཕིང་ཨ་རིའི་མཛའ་གྲོཊ་ཚོཊ་པའི་དགའ་བསུའི་གསོལ་སྟོན་ལ་ཞུཊ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།