ཟླ ༡༡ ཚེས ༡ ཉིན་དཔེ་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས ༢༡ པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན༼སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཐོག་གི་གསུང་བཤད༽ཅེས་པ་སྤེལ་ཡོད།
རྩོམ་ཡིག་ནང་། རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་དོ་དམ་མ་ལག་ཁྲོད་ཀྱི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། རྩིས་བཤེར་དོ་དམ་སྒྲིག་སྲོལ་ལ་བསྒྱུར་བཅོས་དང་། ཀྲུང་དབྱང་གི་རྩིས་བཤེར་ཨུ་ཡོན་ལྷན་ཁང་འཛུགས་པའི་དམིགས་ཡུལ་ནི་ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་རྩིས་བཤེར་སྒྲིག་སྲོལ་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་བས། རྩིས་བཤེར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག རྩིས་བཤེར་ལས་དོན་གྱིས་ཀྲུང་གོའི་རྒྱལ་ཚུལ་དང་འཚམ་པའི་རྩིས་བཤེར་གྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་པ་དང་། དུས་རབས་གསར་པའི་རྒྱལ་སྐྱོང་སྲིད་འཛིན་རྩིས་བཤེར་ཁྱབ་ཁོངས་སུ་ལམ་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་དེ། གཅིག་ནས། རྩིས་བཤེར་གྱི་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་རྒྱུན་ཆད་མེད་པར་ཞིབ་ཚགས་ཅན་དང་། ལག་ལེན་ཅན། ལམ་ལུགས་ཅན་བཅས་སུ་གྱུར་ཡོད། གཉིས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩིས་བཤེར་བྱ་གཞག་གི་ཆོས་ཉིད་རང་བཞིན་ལ་ཟམ་མི་ཆད་པར་ངོས་འཛིན་གཏིང་ཟབ་བྱུང་ཡོད། གསུམ་ནས། རྩིས་བཤེར་གྱིས་ཏང་དང་རྒྱལ་ཁབ་ཀྱི་གནས་བབ་ཧྲིལ་པོར་ཞབས་འདེགས་ཞུ་བའི་རང་འགུལ་རང་བཞིན་སྟོབས་ཆེར་སོང་བ་དང་། འཚམ་མཐུན་རང་བཞིན་ཇེ་མཐོར་ཕྱིན་པ། དམིགས་བསལ་གྱི་ལྟ་སྐུལ་ནུས་པ་དེ་བས་མངོན་གསལ་དོད་པར་གྱུར་ཡོད། བཞི་ནས། རྩིས་བཤེར་བསྐྱར་སྒྲིག་གི་སྤྱིའི་གྲུབ་གཞི་ཐོག་མའི་ཆ་ནས་གྲུབ་པ་དང་། རྩིས་བཤེར་གྲུབ་འབྲས་བཀོལ་སྤྱོད་དང་། ཤར་བགྲོད། མཐུན་སྦྱོར་བཅས་དེ་བས་བདེ་བླག་དང་། དབང་གྲགས་ལྡན་པ། ལས་ཕྱོད་མཐོ་བ་བཅས་བྱུང་ཡོད་ཅེས་ནན་སྟོན་བྱས་འདུག
རྩོམ་ཡིག་ནང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག རྩིས་བཤེར་གྱིས་འགན་འཁྲི་གལ་ཆེན་འཁུར་ཡོད་པས། དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ལ་གཞི་ཚུགས་པ་དང་། འགན་འཁྲི་གཙོ་བོ་དང་བྱ་གཞག་གཙོ་བོར་གཅིག་སྡུད་བྱེད་པ་བཅས་ཀྱིས། ཏང་གིས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་ཁྲོད་རྩིས་བཤེར་ལས་དོན་གྱི་དམིགས་བསལ་ནུས་པ་འདོན་སྤེལ་ལེགས་པར་བྱེད་དགོས། སྐབས་གསར་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ཡག་པོ་སྒྲུབ་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་སྒོ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས་པ། གོང་འཕེལ་གྱི་གནས་སྟངས་གསར་པ་གང་མགྱོགས་ཆགས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ། ཁྱོན་ཡོངས་རང་བཞིན་དང་རྒྱང་རིང་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ཐོག་གཅིག་སྡུད་བྱེད་པ། རྩིས་བཤེར་ཁྱབ་ཁོངས་ཀྱི་འཐབ་ཇུས་འཆར་གཞི་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ནུས་ལྡན་གྱི་རྩིས་བཤེར་ལྟ་སྐུལ་ཞབས་ཞུས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཧྲིལ་པོར་འགན་ལེན་བྱེད་དགོས་ཞེས་བསྟན་འདུག
རྩོམ་ཡིག་ནང་། རྩིས་བཤེར་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་རྩིས་བཤེར་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་ནི་གཅིག་སྡུད་གཅིག་གྱུར་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་ལ་ཕན་འབྲས་ཆེ་བ་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་མ་ལག་བཙུགས་ནས་རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་པའི་ཐད་ནུས་ཤུགས་གཅིག་སྡུད་བྱེད་དགོས་པ་དང་། ཞིབ་ཕྲ་ནི་བྱེད་པ་ལྟར་གསུམ་ལག་བསྟར་བྱེད་དགོས་པ་དེ་ཡིན། གཅིག་ནི་དཔུང་པས་མཛུབ་མོར་བཀོད་ཇུས་བྱེད་པ་ལྟར་བྱེད་དགོས། རྩིས་བཤེར་ལྟ་སྐུལ་བྱེད་རྒྱུ་དེ་གཅིག་སྡུད་གཅིག་གྱུར་བྱས་ནས། ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་ཐོག་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། རྩིས་བཤེར་མ་ལག་ནང་ཁུལ་དུ་གོང་འོག་འབྲེལ་མཐུད་དང་གོམ་སྟབས་གཅིག་གྱུར་གྱིས་རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟར་ཆགས་པ་བྱས་ཐོག རྩིས་བཤེར་གྱི་ཆབ་སྲིད་ངོ་བོ་དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་སྟེ། ཏང་ཀྲུང་དབྱང་གི་བསམ་འདུན་དང་བཀོད་སྒྲིག་ཁོང་དུ་གཏིང་ཟབ་ཆུད་པ་དང་། གོ་བ་གཏིང་ཟབ་ལེན་པ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། གཉིས་ནི་ལུས་དང་གྲིབ་མ་འགྲོག་པ་ལྟར་བྱེད་དགོས། རྩིས་བཤེར་ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས། རྩིས་བཤེར་བྱ་ཡུལ་ལ་རྩིས་བཤེར་དེ་གྲིབ་མ་བཞིན་དུས་རྣམ་ཀུན་ཏུ་ཉེ་འགྲམ་དུ་ཡོད་པའི་ཚོར་སྣང་ཡོང་བ་བྱེད་དགོས། རྣམ་པའི་ཐོག་ནས་བཤད་ན། སྤྱི་པའི་མ་དངུལ་དང་། གཞུང་ཁོངས་རྒྱུ་ནོར། གཞུང་ཁོངས་ཐོན་ཁུངས་བཅས་དོ་དམ་དང་བེད་སྤྱོད་གཏོང་བའི་ས་གནས་དང་། སྡེ་ཚན། ཚན་པ་བཅས་ཚང་མའི་རྩིས་བཤེར་ལྟ་སྐུལ་བྱེད་དབང་ཆད་ལུས་མེད་པ་དང་དམིགས་བསལ་གང་ཡང་མེད་པར་རྒྱུན་རྣམ་ཅན་དང་འགུལ་རྣམ་ཅན་གྱི་ཟིལ་གནོན་ཞིག་ཆགས་པར་བྱེད་དགོས། ནང་དོན་ཐད། སྤུས་ཚད་དང་ལས་ཕྱོད་ལ་ལྟ་རྟོག་བྱས་ནས་དོན་དངོས་དང་དོན་དངོས་ཀྱི་ཟིལ་ཤུགས་ཆགས་པར་བྱ་དགོས། གསུམ་ནི་རྣ་བར་འབྲུག་སྒྲ་ལྟར་གྲགས་པ་ལྟར་བྱེད་དགོས། རྩིས་བཤེར་ལྟ་སྐུལ་དབང་གྲགས་ལྡན་ཞིང་ལས་ཕྱོད་མཐོ་པོ་ཡོང་བ་བྱས་ཏེ་རྩིས་བཤེར་ལྟ་སྐུལ་བདེ་བླག་ངང་ལག་བསྟར་ཐུབ་པ་དང་། རྩིས་བཤེར་བྱས་འབྲས་ཕན་འབྲས་ཐོན་པར་སྤྱོད་ཐུབ་པ། རྩིས་བཤེར་གྱི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་པ་བཅས་བྱེད་དགོས། ཕྱོགས་གཅིག་ནས་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་དཔལ་འབྱོར་ལྟ་སྐུལ་གྱི་དམིགས་བསལ་རུ་ཁག་བཏོད་དེ། གནད་དོན་འཕྱུགས་མེད་དང་། གཏིང་ཟབ་པ། མཐིལ་རྟོགས་པ་བཅས་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རྩིས་བཤེར་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་མཉམ་ལས་ཡག་པོ་བྱས་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། རྩིས་བཤེར་གྱི་རལ་གྲི་རྣོན་པོ་ནི་ཏང་ཀྲུང་དབྱང་གིས་གནང་བ་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་ལ་འགན་འཁུར་དགོས་པ་དང་། ཏང་གི་མཚོན་ཆ་རྣོན་པོ་དང་རྒྱལ་ཁབ་ཀྱི་མཚོན་ཆ་རྣོན་པོ་ཡག་པོ་བྱེད་དགོས་ཞེས་བསྟན་འདུག
རྩོམ་ཡིག་ནང་། ད་ལོའི་རྩིས་བཤེར་ལས་དོན་ཏན་ཏིག་ངང་སྒྲུབ་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་མཐའ་འཁྱོངས་དང་། གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་པའི་གནད་དོན་གལ་ཆེན་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཁུལ་དང་། སྡེ་ཁག ཚན་པ་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམིགས་པ་དང་། འཕར་སྣོན་བརྟན་པོ་དང་ལས་ཞུགས་བརྟན་པོ་ཟོག་གོང་བརྟན་པོ་ཡོང་རྒྱུ་བཅས་ལ་དམིགས་པ། དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་པ། དམངས་འཚོའི་མཐའ་ཚད་བརྟན་པོ་ཡོང་རྒྱུར་དམིགས་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུར་དམིགས་པ། དབང་ཆ་ཚད་ལྡན་ངང་འཁོར་སྐྱོད་བྱ་རྒྱུར་དམིགས་པ་བཅས་བྱེད་དགོས། རྩིས་བཤེར་དག་ཐེར་བྱེད་པའི་རྩོམ་ཡིག་གི་སྨད་ཆ་དང་གནད་དོན་གསལ་སྟོན་བྱེད་པའི་རྩོམ་ཡིག་གི་སྟོད་ཆ་གཉིས་ཀ་གལ་ཆེ་མཉམ་འཛིན་གྱིས་ངེས་པར་དུ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྩིས་བཤེར་གྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ། རྩིས་བཤེར་དག་ཐེར་ཐད་མཉམ་སྡེབ་བྱེད་ཐབས་ཡག་པོ་སྤྱོད་དགོས་ཞེས་བསྟན་འདུག
རྩོམ་ཡིག་ནང་། རྩིས་བཤེར་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ད་ལོ་ནི་རྩིས་བཤེར་ལས་ཁུངས་བཙུགས་ནས་ལོ ༤༠ འཁོར་བའི་ལོ་རེད། རྩིས་བཤེར་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱས་ནས། ལས་རིགས་ཀྱི་སྙིང་སྟོབས་གཏོད་པ་དང་ཆེད་ལས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཁྲིམས་བཤེར་ནན་པོ་བྱས་ཏེ། བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་དང་དངོས་སུ་དོ་དམ་བྱས་ཏེ། རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་དང་། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བསྟན་འདུག།