ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༣ ཉིན་པེ་ཅིང་ཏིའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི། གྲོས་ཚོགས་སྟོད་པའི་ཀྲུའུ་ཞི་ཧུང་སེན་དང་མཇལ་མོལ་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་འགྱུར་མེད་ཀྱི་མཛའ་གྲོགས་ཟབ་ཞིང་། གང་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་རྦད་དེ་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཁམ་ཕུ་ཁྲེ་འདི་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་གཙོ་གནད་ཁ་ཕྱོགས་སུ་བརྩི་བ་དང་། ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བ། ཚད་གཞི་མཐོ་བ་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་འདོད་ཡོད། ཕྱོགས་གཉིས་པོས་གཅིག་ནས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་འགྱུར་མེད་ཀྱི་མཛའ་གྲོགས་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། གཉིས་ནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་གོང་འཕེལ་དང་དར་རྒྱས་དོན་གཉེར་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་ཁམ་ཕུ་ཁྲེའི་མི་དམངས་ཏང་དང་འཐབ་ཇུས་འབྲེལ་གཏུག་དང་ལས་བྱེད་པ་གསོ་སྦྱོང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཁམ་ཕུ་ཁྲེས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་གོང་འཕེལ་གྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་རོགས་སྐྱོར་བྱེད་འདོད་ཡོད། གསུམ་ནས་མཉམ་ལས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་མཉམ་རྒྱལ་གྱི་རྣམ་པ་གསར་པ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་ལས་དབང་གཅིག་མཐུན་ཚོགས་པའི་བྱ་སྤྱོད་ཀྱི་འཆར་གཞི་གསར་པ་ལག་ལེན་བསྟར་རྒྱུ་གཙོ་རྐང་དུ་བྱས་ཏེ། ཕ་ལམ་མཐའ་དྲུག་གི་མཉམ་ལས་སྒྲོམ་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། བཟོ་ལས་འཕེལ་རྒྱས་བར་ཁྱམས་དང་ཉ་འབྲས་བར་ཁྱམས་ཀྱི་མཉམ་ལས་འཆར་འགོད་བཟོ་བ། གཙོ་གནད་མཉམ་ལས་རྣམ་གྲངས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་ཁམ་ཕུ་ཁྲེའི་ཟུར་ལྔའི་འཐབ་ཇུས་དབར་སྤུས་ཚད་མཐོ་བའི་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་རྙོག་འཛིང་ཆེ་བ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་པས། རྒྱལ་ཁབ་ཁག་གི་ཁ་གཏད་གཅོག་ཐབས་དང་གདམ་གར་ཚོད་བགམ་ཐེབས་བཞིན་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོས་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་བཅས་བྱ་རྒྱུར་དམ་པ་དོན་དུ་གཉེར་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཁམ་ཕུ་ཁྲེས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་སྟོབས་ཆེར་གཏོང་བ།ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་འཐབ་ཇུས་རང་བདག་མཐའ་འཁྱོངས་བྱ་རྒྱུར་རྒྱབ་སྐྱོར། ལྟེ་བའི་གནས་བབ་སྲུང་སྐྱོང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་འཇམ་འཐབ་ཀྱི་བསམ་བློ་ས་ཁུལ་དེ་གར་ནང་འདྲེན་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གཞི་གཅིག་ཅན་དང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་ལམ་མི་སྒྱུར་བ་དང་ཕུགས་འདུན་མི་འགྱུར་བའི་ཆོད་སེམས་བརྟན་པོ་བཙུགས་ཏེ། མཐའ་ཚད་ཀྱི་བསམ་བློ་ཟབ་ཏུ་གཏོང་བ་དང་རོགས་ལས་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་རིགས་ཁག་གི་ཉེན་ཁར་ཁ་གཏད་གཅོག་འདོད་ཡོད་ཅེས་བསྟན་གནང་ཡོད།
ཧུང་སེན་གྱིས། ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཛའ་གྲོགས་ནི་ཕྱོགས་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་ཐུན་མོང་ཐོག་བཙུགས་གནང་བ་ཞིག་ཡིན་པ་དང་། ལོ་རྒྱུས་དང་དུས་ཚོད་ཀྱི་ཚོད་བགམ་ཐེག་ཡོད། ཁམ་ཕུ་ཁྲེ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་དེ་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་པོའི་ནང་ཁམ་ཕུ་ཁྲེའི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་གོང་འཕེལ་འགྲོ་རྒྱུར་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ནི་ཁམ་ཕུ་ཁྲེས་ཡིད་ཆེས་ཆེ་ཤོས་བྱེད་པའི་གྲོགས་པོ་ཡིན། ཀྲུང་གོའི་དབར་མཛའ་གྲོགས་ཡོང་བ་བྱེད་པ་ནི་ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་བརྟན་པོ་ཞིག་ཡིན་པས། ཁམ་ཕུ་ཁྲེའི་འགོ་ཁྲིད་བང་རིམ་གྱི་དབང་ཆ་རྩིས་སྤྲོད་རྩིས་ལེན་དབང་གིས་འགྱུར་ལྡོག་གང་ཡང་འགྲོ་མི་སྲིད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཐོག ཀྲུང་གོ་ཕྱོགས་ཀྱིས་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་ཏང་དབར་གྱི་འགྲོ་འོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་གཏོང་བ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། གཞོན་ནུ་དང་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
ཚའེ་ཆི་དང་ཝང་དབྱི་མཇལ་མོལ་ནང་ཞུགས་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིཊ་འདིའི་ཨ་རབ་ཡི་གེའི་པར་མ་བཀྲམ། ཞི་ཅིན་ཕིང་གིས་དབུ་ཚོགས་འདིའི་ཐོག་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ཚོགས་འདུ་གལ་ཆེན་འདིར་ཞུགས་སྐབས་གསུངས་དོན། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་བརྟག་ཞིབ་གནང་བ།