རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ ༢ ཚེས ༦ ཉིན་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་པུ་རུ་ནེའི་རྒྱལ་པོ་ཧ་སང་ནའར་དང་མཇལ་མོལ་གནང་བ་རེད།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༦ ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མཛད་སྒོ་འཚོགས་ནས། པུ་རུ་ནེ་ཏ་ལུའུ་ས་ལན་རྒྱལ་ཁབ་ཀྱི་རྒྱལ་པོ་ཧ་ཅི·ཧ་སང་ནའར·པོ་ཨེར་ཅི་ཡ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་རེད།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས ༢༡ བརྒྱབ་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་པ་རེད།
ཧ་སང་ནའར་ལ་ཕེབས་རོགས་ཞུས་ནས་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་གྲས་སུ་རྒྱལ་སྲས་དང་། དབུ་བཞུགས་བློན་ཆེན་ལས་ཤག་གི་པུའུ་ཀྲང་དང་ནོར་སྲིད་དཔལ་འབྱོར་གཙོ་གཉེར་པུའུ་ཀྲང་གཅིག་ལྕོགས། ཕྱི་འབྲེལ་གཙོ་གཉེར་པུའུ་ཀྲང་སོགས་ཡོད་པ་རེད།
དམག་དཔུང་རོལ་ཆ་ཚོགས་པས་པུ་རུ་ནེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད།
ཧ་སང་ནའར་གྱིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་རུ་སྟར་ལ་གཟིགས་གནང་ཡོད།
ཧ་སང་ནའར་ནི་ཞི་ཅིན་ཕིང་གིས་གདན་ཞུ་གནང་བ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་ཞིག་རེད།
དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་རྗེས། ཞི་ཅིན་ཕིང་གིས་ཧ་སང་ནའར་དང་མཇལ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་པུ་རུ་ནེའི་སྲོལ་རྒྱུན་མཛའ་བཤེས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་ ༣༠ ལྷག་སོང་རིང་། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་དང་། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ཧུར་ཐག་བྱས་པས། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་ལེགས་པོ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཆེ་ཆུང་ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་བཏོད་ཡོད་ལ། ས་ཁུལ་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཀྱང་ཕུལ་ཡོད། ཀྲུང་གོ་དང་པུ་རུ་ནེ་གཉིས་ཀྱིས་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་པ་དེ་དུས་རབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཞིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་རྐྱང་ཞིག་གི་འགོ་བརྩམས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་དུས་བབ་དང་བསྟུན་ནས་གཉིས་ཕན་མཉམ་ལས་དང་འཐབ་ཇུས་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་བརྩི་འཇོག་དང་ལྷག་བསམ་ཟོལ་མེད། ཕན་ཚུན་ཡིད་ཆེས་བཅས་བྱས་ཏེ། ནམ་ཡང་རྒྱ་མཚོའི་ངོགས་གཉིས་སུ་གནས་པའི་ཁྱིམ་མཚེས་བཟང་པོ་དང་། ཕན་ཚུན་ཡིད་རྟོན་རུང་བའི་གྲོགས་པོ་བཟང་པོ། ཐུན་མོང་འཕེལ་རྒྱས་གཏོང་བའི་རོགས་ཟླ་བཟང་པོ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་པུ་རུ་ནེ་ཕྱོགས་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་པུ་རུ་ནེའི ༢༠༣༥ ལོའི་ཕུགས་འདུན་རླབས་ཆེན་དབར་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཀོང་ཞི་དང་པུ་རུ་ནེའི་དཔལ་འབྱོར་བར་ཁྱམས་དང་། ཧེང་དབྱི་རྡོ་སྣུམ་རྫས་འགྱུར་གྱི་རྣམ་གྲངས་གཙོ་བོ་གཉིས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཤར་རྒྱུད་འཕར་སྣོན་ཁུལ་དང་སྐམ་མཚོའི་བགྲོད་ལམ་གསར་པའི་ལྟེ་གནས་གཉིས་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁེ་ལས་དེ་བས་མང་བ་པུ་རུ་ནེ་རུ་མ་འཇོག་དང་ལས་རིགས་དར་རྒྱས་གཏོང་བར་བསྐྱོད་རྒྱུར་སྐུལ་མ་གཏོང་རྒྱུ་དང་། པུ་རུ་ནེས་གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས། ནུས་རྒྱུ་གསར་པའི་ཐོན་ལས་བཅས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། པུ་རུ་ནེ་ཕྱོགས་ཀྱི་དཔལ་འབྱོར་སྣ་མང་ཅན་དུ་འགྱུར་བར་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོས་རྒྱུད་འདྲེས་ཆུ་འབྲས་ཞིབ་འཇུག་མཉམ་ལས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། པུ་རུ་ནེ་ཕྱོགས་ཀྱིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དང་། ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སོགས་ཀྱི་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ཏེ། ཞིང་ལས་དང་ཉ་ལས་ཀྱི་སྤུས་ལེགས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། སློབ་གསོ་དང་རིག་གནས། ཡུལ་སྐོར། ས་གནས། ལུས་རྩལ་བཅས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ཐོག འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་སྤྱི་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱས་ཏེ། རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཧ་སང་ནའར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་སྦྲུལ་ལོའི་ལོ་གསར་གྱི་སྨོན་འདུན་ཞུས་ཡོད། ཧ་སང་ནའར་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོས་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་འབོར་དུང་ཕྱུར་ཁ་ཤས་དབུལ་ཕོངས་ལས་ཐར་ཐུབ་པ་བྱས་ཡོད། དེ་ནི་ཧ་ལས་དགོས་པའི་གྲུབ་འབྲས་ཤིག་རེད། ཀྲུང་གོས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་བཏོན་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཆེད་དུ་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཤིང་། འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་འགན་སེམས་མཚོན་ཡོད། པུ་རུ་ནེ་དང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་བཏང་སྟེ། ལག་གདང་སྦྲེལ་ནས་པུ་རུ་ནེ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་བསྐྱོད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་པུ་རུ་ནེའི་དཔལ་འབྱོར་སྣ་མང་ཅན་གྱི་འཐབ་ཇུས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱིས་པུ་རུ་ནེའི་མི་དམངས་ལ་ཕན་པ་ཐོབ་ཡོད། པུ་རུ་ནེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་གྱི་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྲ་བརྟན་དུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་འདོད་ཡོད། པུ་རུ་ནེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉོ་ཚོང་དང་ཞིང་ལས། ཉ་ལས། ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད། མིག་སྔར། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྙོག་འཛིང་ཆེ་བའི་དུས་བབ་དང་འགྲན་སློང་གསར་པ་འཕྲད་ཡོད་པས། པུ་རུ་ནེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན་ཡོད།
ཕྱོགས་གཉིས་པོས༼འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་དང་ཀྲུང་གོ་དང་པུ་རུ་ནེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པུ་རུ་ནེ་ཏ་ལུའུ་ས་ལན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས༽སྤེལ་བ་རེད།
མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁྲིམས་འཛིན་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན། དཔལ་འབྱོར་ཉོ་ཚོང་། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད།
ཉིན་དེའི་ཉིན་དགུང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཧ་སང་ནའར་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨེར་ཏ་ལི་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་བརྙན་ལམ་ནས་ཞལ་འཛོམས་གནང་བ། ཞི་ཅིན་ཕིང་གིས་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་གྲོས་མོལ་གནང་བ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།