ཟླ ༦ ཚེས ༡༡ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁོང་ཀོ་པུའི་ཙུང་ཐུང་ས་སུའུ་ཡིས་ཁག་སོ་སོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དོན་འཁྱོལ་མཐུན་སྦྱོར་བའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། གྲོས་ཚོགས་སྐོང་འཚོགས་བྱས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ ༢༥ སོང་ཚུན། ཀྲུང་ཧྥེའི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་སྟེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། ན་ནིང་ཟླ ༩ པར། ང་རང་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་མི་སྣས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཐོག དེང་རབས་ཅན་དྲུག་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་རྒྱུ་དང་རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ། ཀྲུང་ཧྥེའི་འབྲེལ་བ་འདི་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་པའི་དུས་མཚམས་གསར་པར་སླེབས་རྒྱུར་ཁྲིད་སྟོན་བྱ་རྒྱུ་བཅས་ལ་མོས་མཐུན་མགྲིན་གཅིག་ཏུ་བྱས་ཡོད། ཕྱོགས་གཉིས་པོ་ཐུན་མོང་གི་འབད་བརྩོན་འོག དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པར་དུས་མཚམས་སྔ་མའི་གྲུབ་འབྲས་ཁག་གཅིག་ཐོབ་ཡོད། ཀྲུང་ཧྥེ་ཕྱོགས་གཉིས་པོས་ད་དུང་ ༢༠༢༦ ལོའི་ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོ་གྲབས་གཉེར་བྱ་རྒྱུར་ངོས་འཛིན་གཅིག་མཐུན་བྱུང་བ་དང་། དེས་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ལ་སྒུལ་ནུས་གསར་པ་སྣོན་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར། རྒྱལ་སྤྱིའི་དུས་བབ་ནི་འགྱུར་ལྡོག་ཆེ་ལ་ཟང་ཟིང་ཆེ་བ་ཞིག་ཡིན། ཀྲུང་གོས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་གཏོད་རྒྱུ་དང་ཀྲུང་གོའི་ཁྲོམ་ར་ཆེན་པོས་ཨ་ཧྥེ་རི་ཁ་སོགས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རོགས་ཟླར་སྒུལ་ནུས་གསར་པ་སྣོན་རྒྱུ་མཐའ་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོས་དཔལ་འབྱོར་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་གོང་འཕེལ་གཏོང་བའི་གྲོས་ཆོད་ལ་གྲོས་མོལ་དང་མིང་རྟགས་འགོད་པ་བརྒྱུད། ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ ༥༣ གྱི་སྒོ་ཁྲལ་དཀར་ཆག་ནང་ཡོད་པའི་ཐོན་རྫས་ལ་སྒོ་ཁྲལ་བརྒྱ་ཆ ༡༠༠ མི་བསྡུ་བའི་བྱ་ཐབས་ལག་བསྟར་བྱེད་པ་དང་ཆབས་ཅིག ཨ་ཧྥེ་རི་ཁའི་དར་རྒྱས་ཆེས་འགོར་བའི་རྒྱལ་ཁབ་ཀྱིས་ཀྲུང་གོར་ཐོན་རྫས་ཕྱིར་གཏོང་བྱེད་པར་སྟབས་བདེ་དེ་བས་མང་བ་བསྐྲུན་འདོད་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྦགས་མེད་ཐོན་ལས་དང་གློག་རྡུལ་ཚོང་དོན། གཏོང་སྤྲོད། ཚན་རྩལ། མི་ཐབས་རིག་ནུས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་དང་དངུལ་རྩ། ཁྲིམས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། སྒོ་དབྱེ་མཉམ་ལས་ནི་མི་ཡུལ་གྱི་ལམ་བུ་ཡང་དག་ཅིག་ཡིན་པ་དང་། གཉིས་ཕན་མཉམ་རྒྱལ་ནི་དམངས་སེམས་ཕྱོགས་ས་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ཏེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་དང་། འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་བྱ་གཞག་ཆེད་སྔར་ལས་འོད་སྟོང་འཕྲོ་བའི་མདུན་ལམ་གཏོད་ཐུབ་རྒྱུ་རེད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པར་མུ་མཐུད་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གླེང་སྟེགས་ཀྱི་འབྱུང་འགྱུར་གོང་འཕེལ་ལ་འཆར་འགོད་ཞིབ་ཚགས་བཟོས་ཏེ། ལག་གདང་སྦྲེལ་ནས་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་བཏོད་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
ས་སུའུ་ཡིས་རྟེན་འབྲེལ་འཕྲིན་ཡིག་ནང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་འཚོགས་ཚུན། ཧྥེ་ཀྲུང་གི་འཐབ་ཇུས་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། སྐབས་འདིའི་མཐུན་སྦྱོར་བའི་ཚོགས་འདུ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ ༢༥ འཁོར་བ་དང་ཏག་ཏག་འཁེལ་ཡོད། ང་རང་གིས་ནུས་ཤུགས་ཡོད་རྒུ་དང་བློ་བརྟན་འགྱུར་མེད་ངང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་པོའི་མང་ཚོགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས། ཁོང་ཀོ་པུས་ཀྲུང་གོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་གཞན་དག་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོའི་འོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཐོག ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་དང་རྒྱང་དུ་གྱེས་པའི་སྣེ་མང་འཛམ་གླིང་ཐུན་མོང་ཐོག་འཛུགས་སྐྲུན་བྱས་ཏེ། ཀུན་ཕན་ཁོང་ཡངས་ཀྱི་གོ་ལ་ཧྲིལ་པོ་ཅན་གྱི་དུས་རབས་གསར་པ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་གུས་མཇལ་དང་ལེན་གནང་བ། ཞི་ཅིན་ཕིང་དང་ཐེ་རོན་ཕུས་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོཌ་པ།