གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྲོས་ཚོཊ་ཐོག་བསྟན་དོན།

སྤེལ་དུས་: 2025ལོ་07ཟླ་04ཚེས་ 15:27 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཟླ ༧ ཚེས ༡ ཉིན་གྱི་སྔ་དྲོ་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་དང་རྒྱ་མཚོའི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་སོགས་ཀྱི་གནད་དོན་ཐད་ཞིབ་འཇུག་གནང་ཡོད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱ་རྒྱུ་ནི་གོང་འཕེལ་གྱི་གནས་སྟངས་གསར་པ་གྲུབ་པར་བྱེད་པ་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཡིན་པས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་བྱས་ཐོག མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པ་བྱེད་དགོས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱ་མཚོའི་དཔལ་འབྱོར་གྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱ་མཚོར་ཕྱོགས་ནས་སྟོབས་ཆེར་གཏོང་བའི་ལམ་བུ་ཞིག་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཏིང་ཞུའེ་ཞང་བཅས་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་གཞི་རྩའི་བླང་བྱ་ནི་གཅིག་གྱུར་ལྔ་དང་སྒོ་དབྱེ་གཅིག་ཡིན་ཏེ། ཁྲོམ་རའི་རྨང་གཞིའི་ལམ་ལུགས་གཅིག་གྱུར་དང་། ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་གཅིག་གྱུར། སྲིད་གཞུང་གི་བྱ་སྤྱོད་ཚད་གཞི་གཅིག་གྱུར། ཁྲོམ་རའི་ལྟ་འདོམས་ཁྲིམས་འཛིན་གཅིག་གྱུར། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཁྲོམ་ར་གཅིག་གྱུར་བཅས་དང་། ཕྱི་ནང་དུ་སྒོ་དབྱེ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དེ་ཡིན་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར། གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁེ་ལས་ཀྱི་རིན་གོང་དམའ་བ་དང་གོ་རིམ་མེད་པའི་འགྲན་རྩོད་ཀྱི་རྣམ་པར་བཅོས་སྒྲིག་བྱས་ནས། ཁེ་ལས་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་དང་། རྗེས་ལུས་ཐེབས་པའི་ཐོན་ནུས་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སྲིད་གཞུང་གི་ཉོ་སྒྲུབ་དང་འོས་འགུགས་འོས་འཇུག་ཚད་ལྡན་དུ་བཏང་ནས། འོས་ཐོན་བྱུང་བའི་མཇུག་འབྲས་ལ་དྲང་སྙོམས་རང་བཞིན་གྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ས་གནས་ཀྱི་ཚོང་འགུགས་མ་འདྲེན་ཚད་ལྡན་དུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། ཕྱིར་གཏོང་ཚོང་ཟོག་ནང་ཁུལ་དུ་འཚོང་བའི་ཐབས་ལམ་ཤར་བགྲོད་ཡོང་བ་བྱེད་པ་དང་། ཕྱི་ནང་ཉོ་ཚོང་གི་སྤུས་ལེགས་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་དགོས་པ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས། ཁྲོམ་ར་གཅིག་གྱུར་ཡོང་བར་ཕན་ཐོགས་ཡོད་པའི་ནོར་ཁྲལ་སྒྲིག་གཞི་དང་བསྡོམས་རྩིས་ཞིབ་རྩིས་ལམ་ལུགས། ཡིད་རྟོན་མ་ལག་བཅས་འཐུས་ཚང་དུ་གཏོང་དགོས་པ། ལས་བྱེད་པས་ཡང་དག་པའི་སྲིད་དོན་བྱས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱས་ནས། སྤུས་ཚད་མཐོའི་གོང་འཕེལ་གྱི་དཔྱད་ཞིབ་མ་ལག་དང་ལས་བྱེད་པའི་སྲིད་དོན་བྱས་རྗེས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཚོགས་འདུའི་ཐོག རྒྱ་མཚོའི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར། གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་སྔར་ལས་ལྷག་པ་དང་། ནུས་ཆེའི་མཐུན་སྦྱོར་ལ་མཐོང་ཆེན་སྔར་ལས་ལྷག་པ། ཐོན་ལས་གསར་སྒྱུར་ལ་མཐོང་ཆེན་སྔར་ལས་ལྷག་པ། མི་དང་རྒྱ་མཚོ་ཞི་མཐུན་ཡོང་བར་མཐོང་ཆེན་སྔར་ལས་ལྷག་པ། མཉམ་ལས་མཉམ་རྒྱལ་ལ་མཐོང་ཆེན་སྔར་ལས་ལྷག་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཚོགས་འདུའི་ཐོག རྒྱ་མཚོའི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བར། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་ཀྱི་མ་རྩ་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས། རྒྱ་མཚོའི་ཚན་རྩལ་གྱི་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་། རྒྱ་མཚོའི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་བཏང་ནས། རྒྱ་མཚོའི་ཚན་རྩལ་སྣེ་ཁྲིད་ཁེ་ལས་དང་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་འབྲིང་ཆུང་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས། རྒྱ་མཚོའི་ཐོན་ལས་རྒྱ་སྟོབས་ཆེ་བ་དང་སྤུས་ལེགས་ཡོང་བ་བྱེད་པ་དང་། མཚོ་ཐོག་གི་རླུང་གློག་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་ཐག་རིང་རྒྱ་མཚོའི་ཉ་འཛིན་ལས་སྒོ་འཕེལ་རྒྱས་གཏོང་བ། རྒྱ་མཚོའི་སྐྱེ་དངོས་སྨན་རྫས་དང་སྐྱེ་དངོས་ཐོན་རྫས་འཕེལ་རྒྱས་གཏོང་བ། རྒྱ་མཚོའི་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་བྱ་ཡུལ་གཏོད་པ་བཅས་བྱས་ནས། མཚོ་ཐོག་སྐྱེལ་འདྲེན་ལས་རིགས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། མཚོ་ཁུག་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། མཚོ་འགྲམ་གྲུ་ཁའི་ཁྱུ་ཚོགས་ལེགས་སྒྱུར་སྡེབ་སྒྲིག་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། རྒྱ་མཚོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་མཚོ་ཁོངས་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པའི་ལས་དོན་མུ་མཐུད་ལག་བསྟར་བྱེད་པ། མཚོ་ཁོངས་རིམ་དབྱེ་ལངས་གཟུགས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱ་མཚོའི་ཐཱན་བསྡུ་ཞིབ་རྩིས་ལས་དོན་སྤེལ་རྒྱུ་འཚོལ་ཞིབ་བཅས་བྱེད་དགོས། གོ་ལ་ཧྲིལ་པོའི་རྒྱ་མཚོ་བཅོས་སྒྲིག་ནང་གཏིང་ཟབ་ཞུགས་ནས། གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཚན་ཞིབ་བརྟག་དཔྱད་དང་གནོད་འགོག་གེགས་སེལ། རྒྱ་མཚོའི་དཔལ་འབྱོར་མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད།

ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་ཁྲ་པོས་ཕན་ཚུན་ཤིས་འཕྲིན་སྤྲིངས་པ། ཞི་ཅིན་ཕིང་གིས་ཧོང་ཞུན་ཚའེ་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་ནས་དབུ་ཚོཊ་འདིའི་ཐོག་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ལྗོངས་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་ལྷ་སར་འཚོགས་པ།