ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཟླ ༤ ཚེས ༡༠ ཉིན་པེ་ཅིང་དུ་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་སྣེ་ཁྲིད་པའི་ཀྲུང་གོ་གོ་མིན་ཏང་གི་འཚམས་འདྲི་ཚོགས་པ་དང་མཇལ་འཕྲད་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཕུགས་ཀྱི་གོང་འཕེལ་ལ་དགོངས་བཞེས་གནང་ནས། ཡང་དག་པའི་ངོས་འཛིན་ལ་བརྟེན་ནས་སེམས་པ་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཞི་བདེ་གོང་འཕེལ་ལ་བརྟེན་ནས་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས། སྤེལ་རེས་མཉམ་འདྲེས་ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས། མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་རྒྱུན་འཁྱོངས་བཅས་བྱེད་པའི་རྣམ་བཤད་གལ་ཆེན་བཏོན་གནང་ནས། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་ལྷག་པའི་ངང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་མཛུབ་ཁྲིད་གལ་ཆེན་གནང་ཡོད།སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་རྒྱལ་ཁབ་ཕྱི་ནང་དུ་ལན་ཆ་བཟང་པོ་བྱུང་ཡོད།
མཇལ་འཕྲད་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླས་ཐའེ་ཝན་མཚོ་འགག་གི་ཞི་བདེ་ལྷིང་འཇགས་ལ་རེ་སྒུག་བྱེད་བཞིན་ཡོད་པ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ལེགས་སུ་འགྲོ་རྒྱུ་དང་འཚོ་བ་སྔར་ལས་སྐྱིད་པ་ཡོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། འདི་ནི་གོ་གུང་ཏང་གཉིས་ཀྱི་དོར་ཐབས་བྲལ་བའི་འགན་འཁྲི་ཡིན་ལ། ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པའི་འགུལ་ཤུགས་ཀྱང་ཡིན། མིག་སྔའི་འཛམ་གླིང་ལ་ལོ་བརྒྱའི་འཕོ་འགྱུར་མགྱོགས་མྱུར་འགྲོ་བཞིན་ཡོད་མོད། འོན་ཀྱང་རྒྱལ་སྤྱིའི་དུས་བབ་དང་ཐའེ་ཝན་མཚོ་འགག་གི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། མིའི་རིགས་གོང་འཕེལ་ཡར་ཐོན་གྱི་ཁ་ཕྱོགས་ཆེན་པོར་འགྱུར་བ་འགྲོ་མི་སྲིད་ཅིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་ཕྱོགས་ཆེན་པོར་འགྱུར་བ་འགྲོ་མི་སྲིད་ལ། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་བར་འབྲེལ་འདྲེས་དང་བརྩེ་བ་ཟབ་ཏུ་འགྲོ་བ་དང་མཉམ་དུ་ལམ་བུ་གཅིག་གི་ཐོག་བསྐྱོད་པའི་རླབས་རྒྱུན་ཆེན་པོར་ཡང་འགྱུར་བ་འགྲོ་མི་སྲིད། འདི་ནི་ལོ་རྒྱུས་ཀྱི་ལྡོག་ཏུ་མེད་པའི་གདམ་ཁ་ཞིག་ཡིན་ཞིང་། ང་ཚོས་དོན་དེར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བསྟན་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་བ་ཟབ་པའི་བཀའ་མོལ་ལས་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་དབུ་འཛིན་གྱི་ཐུགས་རྒྱ་ཡངས་པོ་དང་ཐའེ་ཝན་སྤུན་ཟླར་བཅངས་པའི་བརྩེ་བ་ཟབ་མོ་མཚོན་ཡོད་ཅིང་། སྐམ་ས་ཆེན་པོ་ཕྱོགས་ནས་མཚོ་འགག་གཡས་གཡོན་གཉིས་ཀྱིས་ཞི་བདེ་དོན་གཉེར་དང་། སྤུན་ཟླར་བདེ་སྐྱིད་བསྐྲུན་པ། མི་རིགས་བསྐྱར་དར་ཡོང་བ་བྱེད་པ་བཅས་ཀྱི་འགན་འཁྲི་སྒྲུབ་སེམས་དང་ལོ་རྒྱུས་ཀྱི་འགན་ཁུར་སེམས་པ་མཚོན་པར་བྱས་ཡོད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཐའེ་ཝན་ཞིབ་འཇུག་སུའོ་ཡི་འགོ་འཛིན་ཀྲུའུ་ཝེ་ཏུང་གིས། ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་བསྐྱར་དར་གྱི་འཕེལ་ཕྱོགས་ཆེན་པོར་འགྱུར་བ་འགྲོ་མི་སྲིད་པ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་བར་གྱི་འབྲེལ་འདྲེས་དང་བརྩེ་བ་ཟབ་ཏུ་འགྲོ་བ་དང་མཉམ་དུ་ལམ་བུ་གཅིག་གི་ཐོག་བསྐྱོད་པའི་རླབས་རྒྱུན་ཆེན་པོར་འགྱུར་བ་འགྲོ་མི་སྲིད་ཅེས་ནན་སྟོན་གནང་ཡོད། ད་ལྟ་ཐའེ་ཝན་མཚོ་འགག་གི་དུས་བབ་རྙོང་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པ་དང་། དམངས་འཚོ་ཡར་སྐུལ་ཏང་གི་ཐའེ་ཝན་རང་བཙན་ཟེར་བའི་སྲིད་ཇུས་ཀྱིས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བའི་ཞི་བདེར་གཏོར་བཤིག་གཏོང་བཞིན་ཡོད། དེར་བརྟེན་ང་ཚོས་གོ་གཉིས་ལོའི་ཐུན་མོང་ངོས་འཛིན་བརྟན་སྲུང་བྱས་ནས་ཐའེ་ཝན་རང་བཙན་ཟེར་བར་ངོ་རྒོལ་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་ཐོག་མཚོ་འགག་གཡས་གཡོན་གཉིས་ཀྱི་ཞི་བདེ་མཉམ་ལས་ཀྱི་མཉམ་རྒྱལ་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད།
ཐའེ་ཝན་གཅིག་གྱུར་མནའ་འབྲེལ་ཏང་གི་མཚན་འཛིན་ཀྲུའུ་ཞི་ཆི་ཅ་ལིན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མཚོ་འགག་གཡས་གཡོན་གཉིས་ཀྱི་ཞི་བདེ་གོང་འཕེལ་ལ་སྐུལ་འདེད་གཏོང་བར་དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད་པས། ཐའེ་ཝན་དུ་རྒྱ་ཁྱབ་དང་དགེ་མཚན་ལྡན་པ། དྲང་ཕྱོགས་བཅས་ཀྱི་ལན་ཆ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནང་། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་ནི་འབྱུང་རྩ་གཅིག་ཡིན་ཞིང་། ཡིག་རིགས་གཅིག་དང་རིགས་རྒྱུད་གཅིག ཁྲག་རྒྱུན་གཅིག་ཏུ་འབྲེལ་བ་ཞིག་བཅས་ཡིན། ཁྱིམ་ཚང་གཅིག་གི་མི་འབྲེལ་འདྲེས་བྱེད་སྐབས་སྐད་ཆ་ཡོད་ན་ཡག་པོ་ཤོད་པ་དང་དོན་དག་ཡོད་ཚེ་གྲོས་བསྡུར་མང་ཙམ་བྱས་ན། སེལ་མི་ཐུབ་པའི་འགན་ཟླ་དང་ཕྱོགས་འགལ་མེད་ཅེས་ནན་སྟོན་གནང་ཡོད། དེའི་ཐོག་ནས་སྐམ་ས་ཆེན་པོས་ཐའེ་ཝན་སྤུན་ཟླར་བཅངས་པའི་ལྷག་བསམ་ཆེ་ཤོས་དེ་མཚོན་ཡོད་ཅེས་གསུངས་ཡོད།
ཐའེ་ཝན་གྱི་ན་གཞོན་ཁྲེན་ཝུན་ཁྲེང་གིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་ཐའེ་ཝན་སྤུན་ཟླར་དོ་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད་པས། སེམས་པ་དྲོ་སོབ་སོབ་བྱུང་། ལྷག་པར་དུ་ང་ཚོ་ཚང་མ་ནི་ཀྲུང་ཧྭ་མི་རིགས་ཡིན་ཞིང་། ང་ཚོས་ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་དགོས་ཞེས་གསུངས་ཡོད། ང་རང་གིས་འདི་ནི་ང་ཚོ་དུས་རབས་གསར་པའི་ཐའེ་ཝན་གྱི་གཞོན་ནུའམ་ཡང་ན་མཚོ་འགག་གཡས་གཡོན་གཉིས་ཀྱི་གཞོན་ནུའི་ངོས་ནས་བརྗོད་ན། མཉམ་དུ་བསྒྲུབ་དགོས་པའི་བྱ་བ་ཞིག་རེད་བསམ་གྱི་འདུག་ཅེས་བརྗོད་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་དགོངས་འཆར་བཞི་བཏོན་གནང་ནས། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླས་སེམས་མཐུན་སྟོབས་སྒྲིལ་གྱིས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྱུང་འགྱུར་དེ་ཀྲུང་གོ་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་པའི་སྐུལ་ལྕག་གནང་ཡོད། ཐའེ་ཝན་སྤུན་ཟླ་དུས་རྟག་ཏུ་ཁྱིམ་དུ་ལྟ་བར་ལོག་རྒྱུར་དགའ་བསུ་ཞུ་བ་ནས། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་དང་མཉམ་དུ་གོང་འཕེལ་གྱི་གོ་སྐབས་དང་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་བར། མཚོ་འགག་གཡས་གཡོན་གཉིས་ཀྱིས་སྤེལ་རེས་མཉམ་འདྲེས་ཟབ་ཏུ་བཏང་ནས་དམངས་མཚོའི་བདེ་སྐྱིད་ཀྱི་དཔེ་རིས་གསར་པ་ཞིག་འབྲི་རྒྱུའི་རེ་བ་བཏོན་གནང་ཡོད།
རྒྱལ་ཡོངས་ཐའེ་ཝན་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་སུན་ཏེ་ཚུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོ་ནི་སྐམ་ས་ཆེན་མོའི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་པས། ང་ཚོས་རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་བ་དང་མཉམ་དུ་གོང་འཕེལ་གྱི་གོ་སྐབས་དང་གྲུབ་འབྲས་མཉམ་སྤྱོད་དང་། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་སྟོབས་ཆེར་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།དེས་ང་རང་ལ་ངར་ཤུགས་ཆེན་པོ་འཕེལ་བྱུང་ལ་སྐུལ་ལྕག་ཀྱང་ཆེན་པོ་ཐེབས་བྱུང་།ང་ཚོར་བློ་སེམས་གཅིག་མཐུན་གྱི་ཐའེ་ཝན་ཚོང་པ་དང་སྤུན་ཟླ་ཐའེ་ཝན་བ་མང་པོ་འདི་འདྲ་ཡོད་པས། ཚང་མས་མཉམ་དུ་སྐམ་ས་ཆེན་མོར་རྩ་བ་ཚུགས་པ་དང་མཉམ་དུ་འབད་བརྩོན་ལས་གཏོད་བྱེད་བཞིན་ཡོད་ཅིང་། ལག་གདང་སྦྲེལ་ནས་གོང་འཕེལ་གཏོང་བཞིན་ཡོད། ང་ཚོར་འདི་ག་ནས་ཁྱིམ་ཚང་གི་དྲོ་སྐྱིད་ཚོར་ཐུབ་པས་སྤོབས་པ་ཆེན་པོ་སྐྱེས་ཀྱི་འདུག་ཅེས་གསུངས་ཡོད།
ཧྥུའུ་ཀྲོའུ་གྲོང་ཁྱེར་སྤུན་ཟླ་ཐའེ་ཝན་བའི་མ་འཇོག་ཁེ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་ཅང་ཕེ་ཆི་ཡིས། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་བར་སྤེལ་རེས་དང་འགྲོ་འོང་གཏིང་ཟབ་བྱ་རྒྱུ་དེ་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད། མ་ཟད་ང་རང་ནས་འདི་གར་ང་ཚོ་སྤུན་ཟླ་ཐའེ་ཝན་བ་རྣམས་སྐམ་ས་ཆེན་པོར་མང་ཙམ་ཡོང་ནས་ཤེས་རྟོགས་གཏིང་ཟབ་དང་ཉམས་ལེན་གཏིང་ཟབ་བྱ་རྒྱུའི་རེ་འབོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
ཐའེ་ཝན་གྱི་གཞོན་ནུ་ཀུའོ་རུའེ་ཞི་ཡིས། སྐམ་ས་ཆེན་མོའི་དཔལ་འབྱོར་གོང་འཕེལ་དང་ཚན་རྩལ་གོང་འཕེལ་མགྱོགས་པོ་འགྲོ་བཞིན་ཡོད་པ་དང་དེ་བཞིན་འཚོ་བ་སྔར་བས་སྟབས་བདེ་རུ་འགྲོ་བཞིན་ཡོད་པའི་ཐད་ང་རང་གིས་ཧ་ཅང་གསལ་པོ་ཚོར་ཐུབ་ཀྱི་འདུག ང་ཚོ་ཅི་ལིན་དང་ཧྲའན་ཞི་སོགས་ཞིང་ཆེན་མང་པོར་ཕྱིན་ནས་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ཉམས་སུ་མྱོང་བ་དང་། རང་ཉིད་ཀྱི་རྐང་པར་བརྟེན་ནས་མེས་རྒྱལ་གྱི་ས་གཞི་ཆེན་པོའི་ས་ཕྱོགས་ཁག་ཏུ་བསྐྱོད་པ་ཡིན། མ་འོངས་པར་ཡངས་ཤིང་རྒྱ་ཆེ་བའི་སྟེགས་བུ་འདིའི་སྟེང་དུ་རང་ཉིད་ཀྱི་འཇོན་ནུས་ངོམས་ཐུབ་པའི་རེ་བ་ཡང་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ནི་འགོག་ཐབས་མེད་པ་ཞིག་རེད། སྤུན་ཟླ་ཐའེ་ཝན་བ་སྔར་ལས་མང་བས་སྐམ་ས་ཆེན་པོའི་སྤྱི་ཚོགས་ལམ་ལུགས་དང་གོང་འཕེལ་འགྲོ་ལམ་ལ་ངོས་འཛིན་ཡང་དག་བྱེད་པ་དང་། ཐའེ་ཝན་གོང་འཕེལ་གྱི་མདུན་ལམ་ནི་སྟོབས་ལྡན་གྱི་མེས་རྒྱལ་ལ་ཐུག་ཡོད་པ་དང་། སྤུན་ཟླ་ཐའེ་ཝན་བའི་ཁེ་ཕན་དང་བདེ་སྐྱིད་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཐུག་ཡོད་པའི་ཐད་ངོས་འཛིན་གཏིང་ཟབ་ཡོང་བར་ང་ཚོར་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་ཡོད།
ཤ་མོན་གྲོང་ཁྱེར་ཐའེ་ཝན་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧྥན་ཅང་ཧྥེང་གིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དེ་ནི་མི་རིགས་ཀྱི་བདེན་དོན་ཆེན་པོའི་ཐོག་ནས་དགོངས་པ་བཞེས་ཡོད་ལ་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་སེམས་དང་ཡང་ཉེ་བར་བཅར་ཡོད།མཚོ་འགག་གཡས་གཡོན་གཉིས་ནི་རིགས་རྒྱུད་གཅིག་དང་རྩ་བ་གཅིག་ཡིན་པས། ལམ་ལུགས་ཀྱི་ཁྱད་པར་རྐྱེན་པས་ཁ་བྲལ་རྒྱུ་མེད་ཅིང་། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླས་སྐྱིད་སྡུག་མཉམ་མྱོང་གི་ཐོག་ནས་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཆེད་འབད་བརྩོན་བྱེད་དགོས་ཞེས་གསུངས་ཡོད།
ཨ་རིའི་ཧྥུའུ་ཅན་ཕ་ཡུལ་གཅིག་པ་ཚོགས་པའི་ཀྲུའུ་ཞི་ཁྲེན་ཧེང་གིས། ང་ཚོ་རྒྱལ་ཁབ་ཕྱི་ནང་གི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་ཀྲུང་གོ་བས་མེས་རྒྱལ་སེམས་སུ་བཅངས་བཞིན་ཡོད།མེས་རྒྱལ་ངེས་པར་དུ་གཅིག་གྱུར་བྱེད་དགོས། མཚོ་འགག་གཡས་གཡོན་གཉིས་ནི་ཁྱིམ་ཚང་གཅིག་ཡིན། དེ་ནི་ཁྲག་རྒྱུད་གཅིག་ཏུ་འབྲེལ་བ་ཞིག་ཡིན་པས། ཕྱི་ཕྱོགས་ནས་ཐེ་ཇུས་བྱེད་མི་དགོས་ཞེས་གསུངས་ཡོད།
སི་ལོ་ཝ་ཁེའི་ཕྱིར་སྡོད་ཀྲུང་གོ་བ་ཧྥུའུ་ཧྲུན་གྱིས། ཕྱི་རྒྱལ་དུ་ཡོད་པའི་ཀྲུང་ཧྭའི་བུ་ཕྲུག་ཡིན་པའི་ངོས་ནས། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་རྒྱལ་ཁོངས་ས་ཆ་ཁ་བྲལ་ཐབས་མེད་པ་དང་། རྒྱལ་ཁབ་ཟང་ཟིང་དུ་འགྱུར་མི་རུང་བ། མི་རིགས་ཁ་འཐོར་དུ་འགྱུར་མི་རུང་བ། ཤེས་དཔལ་གྱི་རྒྱུན་ཆད་མི་རུང་བ་བཅས་ནི་ཀྲུང་ཧྭའི་ཤེས་དཔལ་མི་རབས་ནས་མི་རབས་བར་ནམ་ཡང་ཉམས་པ་མེད་པའི་གཞི་རྩ་ཡིན་པས། ང་ཚོས་སྤུན་ཟླ་ཚོ་དང་མཉམ་དུ་རང་རེའི་ཐུན་མོང་གི་ཁྱིམ་གཞིས་འདི་ཉིད་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་ཡོད།
ཨའོ་མོན་ས་ཁུལ་གྱི་ཀྲུང་གོ་ཞི་བདེ་གཅིག་གྱུར་སྐུལ་འདེད་ཚོགས་པའི་ཚོགས་གཙོ་ལིའུ་དབྱི་ལེའང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ནང་གསུངས་པའི་ཐུན་མོང་གི་དད་སེམས་དེ་ནི་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ནང་ཞུན་བརྡར་བྱས་པ་ལས་གྲུབ་པའི་ལྟེ་བའི་རིན་ཐང་དང་ཐུན་མོང་གི་ངོས་འཛིན་ཞིག་ཡིན་པས། ང་ཚོས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པར་སྒུལ་ཤུགས་ཆེན་པོ་སྣོན་ངེས་རེད་ཅེས་གསུངས་ཡོད།
ཐའེ་ཝན་གྱི་སྐབས་དོན་དཔྱད་གཏམ་པ་ཝང་པིང་ཀྲུང་གིས། མེས་རྒྱལ་སྐམ་ས་ཆེན་མོས་རྒྱལ་ཁབ་རྦད་དེ་གཅིག་གྱུར་ཡོང་བ་དང་དེ་བཞིན་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པ་ནི་ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་འགྱུར་བ་མེད་ཅེས་བརྗོད་ཆོག དེ་ལྟ་བུའི་འཐབ་ཇུས་ཀྱི་བརྟན་ཤུགས་དང་འཐབ་ཇུས་ཀྱི་བློ་སྤོབས་ནི་ཧ་ཅང་མངོན་གསལ་དོད་པོ་ཞིག་རེད་ཅེས་བརྗོད་ཆོག ལོ་འདི་འདྲ་མང་པོ་ཞིག་གི་དུས་ཚོད་བརྒྱུད། ད་ལྟ་ང་ཚོས་སྤོབས་པ་ཆེན་པོའི་སྒོ་ནས་མེས་རྒྱལ་སྐམ་ས་ཆེན་པོ་དར་རྒྱས་གོང་འཕེལ་བྱུང་བ་མཐོང་བས། གཞུང་དྲང་གི་ཀྲུང་གོ་བ་ཞིག་ཡིན་པའི་བློ་སྟོབས་དང་ལ་རྒྱ། དེ་བཞིན་གདིང་ཤུགས་བཅས་སྔར་བས་སྲ་བརྟན་དུ་འགྲོ་ཐུབ་པའི་ཐད་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད།ང་ཚོ་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་གོང་འཕེལ་འགྲོ་ལམ་དུ་ཞུགས་པ་དེ་ནི་ང་ཚོས་ཁྱིམ་ཚང་དང་རྒྱལ་ཁབ་ཧྲིལ་པོར་བཅངས་པའི་དགའ་ཞེན་ཙམ་མ་ཟད། ང་ཚོ་རང་ཉིད་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་དང་རང་ཉིད་ཀྱི་གོང་འཕེལ་མདུན་ལམ་གཏོད་ཆེད་དངོས་སྒྲུབ་ཀྱི་བྱས་རྗེས་འཇོག་པ་ཞིག་ཀྱང་རེད་ཅེས་གསུངས་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་འགྲིམ་འགྲུལ་སློབ་ཆེན་བཞིའི་དགེ་སློབ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། ཞི་ཅིན་ཕིང་ནས་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པར་བླང་བྱ་ནན་པོ་བཏོན། ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ། ཞི་ཅིན་ཕིང་གིས་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།