ཉེ་ཆར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་བཀག་འགོག་བྱེད་པར་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས། བཟའ་བཏུང་འཕྲོ་བརླག་གཏོང་བའི་སྣང་ཚུལ་ནི་མཐོང་བ་ཙམ་གྱིས་ཧང་སངས་དགོས་པ་དང་སེམས་སྐྱོ་འོས་པ་ཞིག་རེད། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་ལོ་བསྟུད་མར་ལོ་ལེགས་བྱུང་ཡོད་མོད། འོན་ཀྱང་འབྲུ་རིགས་ཀྱི་བདེ་འཇགས་ཐད་ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་གྱི་འདུ་ཤེས་ཡོད་དགོས། ད་ལོའི་གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ང་ཚོར་དེ་བས་ཉེན་བརྡ་བཏང་ཡོད་ཅེས་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས། ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱེད་སྤྱོད་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་གྲོན་ཆུང་གི་གོམས་གཤིས་འཇགས་པར་བྱས་ནས་སྤྱི་ཚོགས་ཡོངས་སུ་འཕྲོ་བརླག་ནི་ཞེ་ཁྲེལ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་ཁོར་ཡུག་ཟབ་མོ་ཞིག་གཏོད་དགོས་ཞེས་ནན་གསུང་གནང་ཡོད།
ཞི་ཅིན་ཕིང་གིས། ཐོག་མཐའ་བར་གསུམ་དུ་འབྲུ་རིགས་ཀྱི་བདེ་འཇགས་དང་། གྲོན་ཆུང་བསྲི་ཚགས་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་སྤྱི་ཚོགས་ཀྱི་གོམས་སྲོལ་དར་སྤེལ་གཏོང་རྒྱུར་མཐོང་ཆེན་པོ་གནང་ནས། བཟའ་བཏུང་འཕྲོ་བརླག་གི་བྱེད་སྤྱོད་ལ་བཀག་འགོག་བྱེད་རྒྱུར་ནན་བཤད་ཐེངས་མང་གནང་ཡོད། སྤྱི་ལོ ༢༠༡༣ ལོའི་ཟླ་དང་པོར་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་གྲོན་ཆུང་བསྲི་ཚགས་བྱས་ནས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་བླང་བྱ་བཏོན་གནང་བ་དང་། དེ་རྗེས་ཞི་ཅིན་ཕིང་གིས་སླར་ཡང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ལམ་ལུགས་ཀྱི་ཚོད་འཛིན་བཙན་ཞིང་ནན་པ་དང་། ལམ་ལུགས་ལག་བསྟར་ནན་པོ། ལྟ་སྐུལ་ཞིབ་བཤེར་ཤུགས་ཆེན། གཅུན་འདོམས་ལམ་སྲོལ་ཚ་ནན་བཅས་ལ་བརྟེན་ནས།གཞུང་དངུལ་འཛད་སྤྱོད་ཁྲོད་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་སྣང་ཚུལ་སྣ་ཚོགས་བཀག་འགོག་ཏན་ཏིག་བྱེད་པ་དང་འབྲེལ། སློབ་གྲྭ་ཁ་ཤས་སུ་ཟས་རིགས་འཕྲོ་བརླག་གཏོང་བ་དང་སློབ་མའི་གྲོན་ཆུང་བསྲི་ཚགས་ཀྱི་འདུ་ཤེས་ཞན་པའི་གནད་དོན་ལ་དམིགས་ནས་ཁྲིད་སྟོན་དང་དོ་དམ་ཤུགས་ཆེན་བྱས་ཏེ།སློབ་མའི་ཧུར་བསྲིས་གྲོན་ཆུང་གི་ཀུན་སྤྱོད་བཟང་པོ་སྐྱེད་སྲིང་བྱེད་པ་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཝུའུ་དབྱིང་ཅེས་ལྷ་སར་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལ་བརྟག་ཞིབ་གནང་བ། ཞི་ཅིན་ཕིང་ནས་ཀྲུང་ཧྥེའི་དམིགས་བསལ་དབུ་ཚོགས་གཙོ་སྐྱོང་གནང་བ། ཝུའུ་དབྱིང་ཅེས་ཀྲོའུ་ཅང་ཡུང་བཅས་པ་དང་བཞུགས་མོལ་གནང་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཆེ་གྲས《འབད་འཐབ་ཀྱིས་དང་། ཀྲུང་ཧྭའི་བུ་ཕྲུག》ཅེས་པ་པེ་ཅིང་དུ་འཚོགས་པ།