གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

སྤེལ་དུས་: 2020ལོ་11ཟླ་13ཚེས་ 16:42 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ་ ༣༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྤྱི་ཚེས ༡༢ ཉིན་གྱི་སྔ་དྲོ་ཧྲང་ཧའེ་གྲོང་ཁྱེར་རུ་འཚོགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། གོ་སྐབས་དམ་འཛིན་དང་། བབ་བསྟུན་འཕྲལ་སྒྲུབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་གྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་མཐའ་གཅིག་ཏུ་བསྟར་བ། གོང་འཕེལ་གྱི་གནས་སྟངས་གསར་པ་འགྲུབ་རྒྱུར་ཞབས་ཞུ་བསྒྲུབ་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་གཞི་གནས་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་ཆེ་ཤོས་འཁུར་བ་དང་དཀའ་གནད་ཆེ་ཤོས་ཐག་གཅོད་བྱེད་ཕོད་པ་བཅས་བྱས་ཏེ། ཆུ་ཚད་སྔར་བས་མཐོ་བའི་སྒྱུར་བཅོས་སྒོ་དབྱེའི་ལམ་འབྱེད་གདོང་ལེན་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྣེ་ཁྲིད་པར་འགྱུར་རྒྱུར་འབད་བརྩོན་ཧུར་ཐག་བྱེད་པ། བློ་སྤོབས་བཞིའི་ལག་ལེན་གྱི་དཔེ་མཚོན་མངོན་པ། འཛམ་གླིང་ལ་ཀྲུང་གོའི་འདུ་ཤེས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་འགྲོ་ལམ་བཅས་སྔར་ལས་ལྷག་པའི་སྒོ་ནས་མངོན་པ་བྱེད་དགོས་པའི་ནན་སྟོན་གནང་ཡོད།

ཧྲང་ཧའེ་འཛམ་གླིང་དངོས་མང་འགྲེམས་ཚོགས་ལྟེ་གནས་ཀྱི་རྣམ་པ་བརྗིད་ཆགས་ཅིང་སྤྲོ་སེམས་འཁོལ་བ་ཞིག་ཡོད། ཚོགས་རར་འཕྲེད་འགེལ་སྦྱར་ཡིག་མཐོན་པོར་བཀལ་ཡོད་པ་སྟེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པ་དང་། ཕུའུ་ཏུང་གི་ཆུ་ཚད་མཐོ་བའི་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ལེན་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བྲིས་ཡོད།

ཆུ་ཚོད་དགུ་དང་སྐར་མ་སུམ་ཅུའི་ཐོག ཚོགས་ཆེན་འགོ་ཚུགས་པ་དང་། ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ལོ་ངོ་སུམ་ཅུའི་གོང་། ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་རྒྱལ་ནང་གི་འཕེལ་ཕྱོགས་ཆེན་མོར་ཁྱོན་ཡོངས་ནས་ཞིབ་འཇུག་དང་བརྡར་ཤ་བཅད་དེ་སྒྱུར་བཅོས་གོང་འཕེལ་གྱི་གནས་བབ་ཧྲིལ་པོར་གཅིག་གྱུར་དམ་འཛིན་བྱས་པ་དང་། གསར་སྤེལ་སྒོ་དབྱེའི་ཧྲང་ཧའེ་ཕུའུ་ཏུང་བཀོད་ཇུས་གལ་ཆེན་བྱས་པ། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དེ་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་བཏོད་ཡོད། ཏང་ཀྲུང་དབྱང་གིས་ཕུའུ་ཏུང་གི་གསར་སྤེལ་སྒོ་དབྱེར་མཐོང་ཆེན་པོ་གནང་གི་ཡོད་ལ་རེ་བའང་ཆེན་པོ་བཅོལ་ཡོད། ཧྲང་ཧའེ་ཕུའུ་ཏུང་གསར་སྤེལ་སྒོ་དབྱེས་སྣེ་ཁྲིད་དེ་འབྲི་ཆུའི་འགྲམ་རྒྱུད་གྲོང་ཁྱེར་སྒོ་དབྱེ་སྔར་ལས་ལྷག་པ་བྱེད་པ་དང་། ཧྲང་ཧའེ་དེ་ཉིད་རྒྱལ་སྤྱིའི་དཔལ་འབྱོར་དང་། དངུལ་རྩ། ཉོ་ཚོང་བཅས་ཀྱི་ལྟེ་གནས་གྲས་ཤིག་ལ་འཛུགས་སྐྲུན་བྱེད་པ། འབྲི་ཆུའི་ཟུར་གསུམ་གླིང་དང་འབྲི་ཆུ་རྒྱུག་ཁུལ་ས་ཁུལ་ཧྲིལ་པོའི་དཔལ་འབྱོར་ལ་འཕུར་མཆོངས་གསར་པ་ཡོང་རྒྱུར་སྐུལ་ཁྲིད་བྱེད་པ། ཕུའུ་ཏུང་གིས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། རང་བརྟེན་གསར་གཏོད་སོགས་ཀྱི་ཐད་མདུན་གྲལ་དུ་བསྐྱོད་དགོས་པའི་བླང་བྱ་བཏོན་ཡོད། དུས་རབས་གསར་པར་སླེབས་ཚུན། ཏང་ཀྲུང་དབྱང་གིས་མུ་མཐུད་ཕུའུ་ཏུང་གི་གསར་སྤེལ་སྒོ་དབྱེའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་རབ་དང་རིམ་པ་ཕུའུ་ཏུང་དུ་འཇོག་པ་དང་ཕུའུ་ཏུང་གི་གསར་སྤེལ་སྒོ་དབྱེའི་རྣམ་པ་གསར་པ་ཟམ་མི་ཆད་པ་མངོན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ། ཧྲང་ཧའེ་ཡི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་དང་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་བ་དང་། ཕུའུ་ཏུང་གི་གསར་སྤེལ་སྒོ་དབྱེར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་དང་དེའི་ནང་ཞུགས་མཁན་གྱི་ཀང་ཨའོ་ཐའེ་སྤུན་ཟླ་དང་ཕྱིར་སྡོད་སྤུན་ཟླ། རྒྱལ་ཁབ་ཁག་གི་མི་སྣ་བཅས་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས། ལོ་ངོ་ ༣༠ ཡི་རིང་། ཕུའུ་ཏུང་གིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་པར་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གྲུབ་འབྲས་ཐོབ་པ་དང་། དཔལ་འབྱོར་མཆོངས་བརྒལ་རྣམ་པའི་གོང་འཕེལ་བྱུང་བ། སྒྱུར་བཅོས་སྒོ་དབྱེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། སྲོག་ཤིང་གི་འགྲན་རྩོད་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་སོང་ཡོད། ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ་ ༣༠ ཡི་རིང་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་པ་དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཟང་ཆར་གསོན་ཉམས་དོད་ཤོས་ཀྱི་དོན་དངོས་ར་སྤྲོད་བྱས་པ་དང་། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཆེད་གསོན་ཉམས་ལྡན་པའི་ལག་ལེན་གྱི་དངོས་བྲིས་མཁོ་འདོན་བྱས་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྲུབ་པའི་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་འཐབ་ཇུས་བཅས་ནི་རྦད་དེ་ཡང་དག་ཡིན་པ་དང་། སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་ལྡོག་མེད་ལམ་བུ་ཡིན་པ། སྒྱུར་བཅོས་གོང་འཕེལ་གྱིས་ངེས་པར་དུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་བློ་ཁ་དེ་ང་ཚོའི་འབད་འཐབ་དམིགས་འབེན་ལ་བརྩི་བ་དང་། མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གཏོད་དགོས་པ་བཅས་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ད་ལྟ་ནས་དུས་རབས་འདིའི་དུས་དཀྱིལ་བར་ནི་རང་རྒྱལ་གྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཚར་བ་བྱེད་པའི་ལོ་ངོ་ ༣༠ ཡིན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་ཕུའུ་ཏུང་གི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་ལས་འགན་གསར་པ་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་དང་འཛམ་གླིང་ཐོག་ལོ་བརྒྱར་འཕྲད་དཀོན་པའི་འཕོ་འགྱུར་ཆེན་པོའི་གནས་བབ་ཧྲིལ་པོ་གཉིས་ཀྱི་ནང་དུ་བཞག་ནས་ཇུས་འགོད་བྱ་དགོས་པ་དང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་སྤེལ་བྱེད་པའི་གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་པའི་ཁྲོད་དུ་བཞག་སྟེ་བསམ་གཞིགས་དང་ཇུས་འགོད་བྱ་དགོས་ཤིང་། ཡང་དག་པའི་སྒོ་ནས་འགྱུར་ལྡོག་ངོས་འཛིན་དང་། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རང་འགུལ་ངང་འགྱུར་ལྡོག་ཡོང་རེ་བྱེད་པ་བཅས་བྱས་ཏེ། ཉམས་ཉེན་ཁྲོད་སྔོན་ཐོབ་གོ་སྐབས་གསོ་སྤེལ་དང་དུས་བབ་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། གསར་གཏོད་ཀྱི་སྒུལ་ནུས་ནུས་ཤུགས་ཡོད་རྒུས་སྟོབས་ཆེར་བཏང་ནས་རང་བརྟེན་གསར་གཏོད་ཀྱི་མཐོ་ས་གསར་པ་གཏོད་དགོས། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་བྱས་ཐོག རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལས་ཀ་ལེགས་པོ་བསྒྲུབ་པ། ཚན་རྩལ་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་དངོས་སུ་བསྒྱུར་རྒྱུ་མགྱོགས་སུ་གཏོང་བ། ཐོན་ལས་སྦྲེལ་ཐག་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་ཆེད་ལེགས་སྐྱེས་གསར་པ་མང་ཙམ་འབུལ་རྒྱུའི་འགན་ལེན་བྱེད་དགོས། རྨང་གཞིའི་ཚན་རྩལ་ཁྱབ་ཁོངས་སུ་གསར་གཏོད་ཆེན་པོ་བྱེད་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་ཁྱབ་ཁོངས་སུ་ཚད་བརྒལ་ཆེན་པོ་ཡོང་བ་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་ཇུས་གཞིའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། གསར་གཏོད་ལས་གཏོད་ཀྱི་འབྱུང་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག ཐོན་ལས་ཅན་གྱི་ཕྱོགས་གཉིས་སྦྲེལ་མཐུད་བཅས་ཀྱི་མགྱོགས་ལམ་བཤངས་དགོས། འགག་རྩའི་ཁྱབ་ཁོངས་སུ་གསར་གཏོད་རྣམ་པའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་དམིགས་ནས། འདུས་གྲུབ་གློག་ལམ་དང་། སྐྱེ་དངོས་སྨན་དང་སྨན་བཅོས། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་སུ་འཛམ་གླིང་རིམ་པའི་ཐོན་ལས་ཁྱུ་ཚོགས་མགྱོགས་མྱུར་གཏོད་དགོས། ཚན་རྩལ་གསར་གཏོད་སྒྲིག་སྲོལ་གྱི་བསྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ལག་རྩལ་གསར་གཏོད་ཁྲོད་ཀྱི་ཁེ་ལས་ཀྱི་གཙོ་གཟུགས་ནུས་པ་འདོན་སྤེལ་བྱེད་པ། འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་ཐོན་ལས་ཁྱུ་ཚོགས་དང་ལས་བགོས་རོགས་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྷུ་ལག་གཙོ་བོ་ཁག་ཅིག་འགག་སྒྲོལ་དང་། རྩེར་སོན་ཐོན་རྫས་ཁག་ཅིག་འདོན་པ། ཀྲུང་གོའི་ཚད་གཞི་ཁག་ཅིག་ཆགས་པ་བཅས་བྱེད་དགོས། རྒྱལ་སྤྱིའི་ཚན་རིག་གི་འཆར་གཞི་ཆེན་པོ་དང་ཚན་རིག་གི་ལས་གཞི་ཆེན་པོར་ཧུར་ཐག་ཞུགས་པ་དང་དེར་སྣེ་ཁྲིད་སྒྲིག་འཛུགས་བྱས་ཏེ། གོ་ལ་ཧྲིལ་པོའི་ཚན་རྩལ་མཐུན་སྦྱོར་གསར་གཏོད་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། སྒྱུར་བཅོས་མ་ལག་གཅིག་སྡུད་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྒུལ་ཤུགས་གསར་པ་འཕེལ་བ་བྱེད་དགོས། རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་པའི་བསྒྱུར་བཅོས་བྱེད་ཐབས་ལ་གཅིག་བསྡུས་བྱས་ཏེ། སྲིད་ཇུས་ཀྱི་ཕྱོགས་ལེན་ཐད་ཕན་ཚུན་གཞོགས་འདེགས་དང་། ལག་བསྟར་བྱེད་རིམ་ཁྲོད་ཕན་ཚུན་སྐུལ་འདེད། བསྒྱུར་བཅོས་ཀྱི་ཕན་འབྲས་ཐད་ཆར་པ་ཆུ་གྲོགས་ཡོང་བ་བཅས་བྱས་ཏེ། ཕྱོགས་ཁག་གི་ལམ་ལུགས་སྔར་བས་གནད་སྨིན་འཐུས་ཚང་དང་སྔར་བས་ངེས་གཏན་ཡོང་བར་སྐུལ་འདེད་གཏོང་དགོས། བསྒྱུར་བཅོས་མ་ལག་འདུས་གྲུབ་མཐུན་སྦྱོར་དང་ནུས་ཆེའི་ཐད་སྔོན་ལ་ཚོད་ལྟ་བྱེད་པ་དང་ཉམས་མྱོང་བཏོན་ཏེ། ཕྱོགས་བསྡུས་རང་བཞིན་གྱི་བསྒྱུར་བཅོས་ཚོད་ལྟ་བྱེད་ས་འཚོལ་ཞིབ་དང་། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། བྱ་དངོས་གོང་འཕེལ་གྱི་བརྒྱུད་རིམ་ཧྲིལ་པོ་དང་། ཐོན་ལས་གོང་འཕེལ་གྱི་འབྲེལ་ཐག་ཧྲིལ་པོ། ཁེ་ལས་གོང་འཕེལ་གྱི་ཚེ་སྲོག་འཁོར་རྒྱུན་ཧྲིལ་པོ་བཅས་ནས་འགོ་བཙུགས་ཏེ་སྒྱུར་བཅོས་ཇུས་འགོད་བྱེད་པ་དང་། ལམ་ལུགས་གསར་གཏོད་གལ་ཆེན་མཉམ་འགུལ་གང་ལེགས་དང་འབྲེལ་མཐུད་ཆ་ཚང་ཡོང་བར་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་བཏང་ནས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཆུ་ཚད་མཐོ་བའི་ལམ་ལུགས་ཅན་གྱི་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་བཟང་ཆ་གསར་པ་གཏོད་དགོས། སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་འབྱེད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཆུ་ཚད་མཐོ་བའི་ལམ་ལུགས་མཁོ་སྤྲོད་དང་། སྤུས་ཚད་མཐོ་བའི་ཐོན་རྫས་མཁོ་སྤྲོད། ལས་ཆོད་མཐོ་བའི་མ་དངུལ་མཁོ་སྤྲོད་བཅས་བྱས་ཏེ། རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ནང་དེ་བས་ཡག་པ་ཞུགས་དགོས། ཀྲུང་གོའི༼ཧྲང་ཧའེ༽རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ལིན་ཀང་ཁུལ་གསར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚད་གཞི་མཐོ་ཤོས་དང་ཆུ་ཚད་མཐོ་ཤོས་ལ་གཞིགས་ནས། གནོན་ཤུགས་སྔར་ལས་ཆེ་བར་ཚད་ལེན་ཚོད་ལྟ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་འགའ་ཤས་སུ་སྔོན་ལ་འགག་སྒྲོལ་ཡོང་བ་བྱ་དགོས། འབྲི་ཆུའི་ཟུར་གསུམ་གླིང་དང་མཉམ་དུ་གོ་ལ་ཧྲིལ་པོར་ཁྱབ་འགྱེད་ཐུབ་པའི་མཚོ་ཐོག་སྐྱེལ་འདྲེན་གྱི་འགག་གནས་གང་མགྱོགས་བསྐྲུན་ནས་སྤྱི་ཡོངས་ཀྱི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས། སྔར་བས་སྒོ་འབྱེད་དང་སྔར་བས་སྟབས་བདེ་བའི་ཤེས་ལྡན་མི་སྣ་ནང་འདྲེན་གྱི་སྲིད་ཇུས་སྔོན་ལ་ལག་བསྟར་བྱས་ཏེ། རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་དང་། རྩེར་སོན་ཤེས་ལྡན་མི་སྣ་དང་ཚོགས་པ། ལྷག་པར་དུ་ན་གཞོན་ཤེས་ལྡན་མི་སྣ་ནང་འདྲེན་ཧུར་ཐག་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། འཛམ་གླིང་ཧྲིལ་པོའི་ཐོན་ཁུངས་བཀོད་སྒྲིག་བྱེད་ནུས་ཆེ་རུ་བཏང་ནས། གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་རྒྱུར་ཞབས་ཞུ་སྒྲུབ་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་ལ་གཅིག་གྱུར་འཆར་འགོད་སྔར་བས་ལྷག་པ་བྱེད་པ་དང་། ཐོན་ཁུངས་བཀོད་སྒྲིག་བྱེད་ནུས་ཆེ་རུ་གཏོང་བ། མ་དངུལ་དང་། ཆ་འཕྲིན། ལག་རྩལ། ཤེས་ལྡན་མི་སྣ། དངོས་ཟོག་སོགས་རྒྱུ་ཆའི་བཀོད་སྒྲིག་གི་འཛམ་གླིང་རང་བཞིན་གྱི་ཤུགས་རྐྱེན་ནུས་པ་ཆེ་རུ་བཏང་ནས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ལྟེ་བའི་ལྷུ་ཚིགས་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀྱི་འཐབ་ཇུས་སྦྲེལ་མཐུད་གང་ལེགས་བྱེད་པ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་གོང་འཕེལ་ཁྲོད་སྣེ་ཁྲིད་ཁྱབ་འགྱེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དངུལ་རྩའི་ཁྲོམ་རའི་མ་ལག་དང་། ཐོན་རྫས་ཀྱི་མ་ལག སྒྲིག་གཞིའི་མ་ལག རྨང་གཞིའི་སྒྲིག་ཆས་མ་ལག་བཅས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་དངུལ་རྩའི་ཐོན་ཁུངས་ཉོ་ཚོང་སྟེགས་བུ་འཛུགས་སྐྲུན་བྱེད་པ། གལ་ཆེའི་ཕྱོགས་བསྡུས་ཚོང་ཟོག་གི་རིན་གོང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། དངོས་ཟུག་དཔལ་འབྱོར་གོང་འཕེལ་ལ་ཞབས་ཞུ་དང་སྣེ་ཁྲིད་སྔར་བས་ལེགས་པ་བྱེད་དགོས། རིམ་པ་སྔར་ལས་མཐོ་བའི་དཔལ་འབྱོར་སྤྱི་ཁུལ་གོང་འཕེལ་བཏང་ནས། འཛམ་གླིང་ཐོན་ལས་སྦྲེལ་ཐག་དང་། མཁོ་སྤྲོད་སྦྲེལ་ཐག རིན་ཐང་སྦྲེལ་ཐག་བཅས་ཀྱི་གལ་ཆེའི་ལྟེ་གནས་སུ་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས། མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་གཏོད་དགོས། གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ཁྲོད་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བྱེད་པོའི་གནས་བབ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་ཁྱད་ཆོས་མངོན་པ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་མངོན་པ་བཅས་ཀྱི་གྲོང་ཁྱེར་ཆེས་ཆེ་གྲས་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱེད་དགོས། གྲོང་ཁྱེར་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། བཅོས་སྐྱོང་བྱེད་ཐབས་དང་། བཅོས་སྐྱོང་དཔེ་དབྱིབས། བཅོས་སྐྱོང་འདུ་ཤེས་བཅས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་བཅོས་སྐྱོང་དང་། སྤྱི་ཚོགས་བཅོས་སྐྱོང་། གྲོང་ཁྱེར་བཅོས་སྐྱོང་བཅས་གཅིག་གྱུར་འཆར་འགོད་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བཅོས་སྐྱོང་མ་ལག་སྔོན་ལ་འཛུགས་དགོས། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། བདེ་རྩར་ཐད་ཀར་ཐུག་པ། དོན་དངོས་དང་མཐུན་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་དང་སྤུས་ལེགས་ཅན་དུ་འགྱུར་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཞི་མཐུན་དང་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་བསྐྲུན་ནས། གྲོང་ཁྱེར་དེ་ཉིད་མི་དང་མིའི་བར་དང་། མི་དང་རང་བྱུང་ཁམས་ཕན་ཚུན་ཞི་མཐུན་མཉམ་གནས་ཐུབ་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་འཛུགས་སྐྲུན་བྱེད་དགོས། ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་དོ་དམ་འདུ་ཤེས་དེ་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཚང་མར་ཁྱབ་པ་བྱས་ནས། སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་བསྟུན་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་བརྩིས་ཐོག ཚབས་ཆེའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྒྲིག་གཞི་སྒྲིག་སྲོལ་ཏན་ཏིག་ངང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ལེགས་པོ་བྱས་ནས། ཕྱོགས་ཡོངས་ནས་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། སང་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བའི་ལོ་ཞིག་རེད། ཧྲང་ཧའེ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཡུལ་ཡིན། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པ། ཏང་འཛུགས་སྐྱོང་གི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། སྒྱུར་བཅོས་སྒོ་དབྱེའི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་གདོང་ལེན་བྱེད་ཕོད་པ་བྱས་ནས། དུས་རབས་གསར་པའི་ངོ་མཚར་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

ཚོགས་འདུའི་ཐོག ཕུའུ་ཏུང་གསར་སྤེལ་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཝེང་ཙུའུ་ལེའང་དང་། ཧྲང་ཧའེ་ཝའེ་ཀའོ་ཆའོ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན་ལིའུ་ཧུང་། ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་སྨན་རྫས་ཞིབ་འཇུག་ཁང་གི་དེ་སྔའི་འགོ་འཛིན་ཁྲེན་ཁའེ་ཤན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་གནང་ཡོད།

ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཁྲེན་ཞི། ཧོ་ལི་ཧྥུང་བཅས་ཚོགས་ཆེན་ལ་ཞུགས་གནང་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་དང་། ཧྲང་ཧའེ་གྲོང་ཁྱེར་དང་ཕུའུ་ཏུང་གསར་སྤེལ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ། ཧྲེན་ཀྲེན་བཅས་ཀྱི་དཔལ་འབྱོར་དམིགས་བསལ་ཁུལ་དང་། ཧོ་པེ་ཞུང་ཨན་ཁུལ་གསར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཕུའུ་ཏུང་ཁུལ་གསར་གྱི་སྔོན་ཐོན་དཔེ་བཟང་དང་དེ་བཞིན་འཛུགས་སྐྲུན་པའི་འཐུས་མི། ཕུའུ་ཏུང་འཛུགས་སྐྲུན་ཁྲོད་ཞུགས་པའི་རྒྱལ་ཁོངས་གཞན་གྱི་མི་སྣའི་འཐུས་མི་དང་། ཧྲང་ཧའེ་གྲོང་ཁྱེར་དང་ཕུའུ་ཏུང་གསར་སྤེལ་ཁུལ་གྱི་ལས་རིགས་ཁག་གི་འཐུས་མི་སོགས་ཚོགས་ཆེན་ལ་ཞུགས་གནང་ཡོད།

ཉིན་དེའི་སྔ་དྲོ། ཞི་ཅིན་ཕིང་སོགས་ཀྱིས་ད་དུང་རྒྱལ་ཁབ་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཕུའུ་ཏུང་གསར་སྤེལ་དང་སྒོ་དབྱེ་བྱས་ནས་ལོ་ངོ་ ༣༠ འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་འབྲེལ་རྟེན་འབྲེལ་ཚོགས་ཆེན་ནང་ཞུགས་མཁན་འཐུས་མི་ཁག་གཅིག་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད་ཚང་མ་དང་དྲན་རྟེན་སྐུ་པར་ཡང་བསྐྱོན་གནང་བ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་པར་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ནང་ཞུགས་པ། ཞི་ཅིན་ཕིང་གིས་ནང་འདྲེན་དངོས་མང་འགྲེམས་ཚོཊ་ཐོག་གལ་ཆེའི་གསུང་བཤད་གནང་བ། རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས།