གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

​ཞི་ཅིན་ཕིང་གིས་ཞིང་གསུམ་ལས་དོན་ལ་ནན་གསུང་འདི་འདྲ་གནང་འདུག

སྤེལ་དུས་: 2020ལོ་12ཟླ་30ཚེས་ 17:08 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་སྤྱི་ཟླ ༡༢ ཚེས ༢༨ དང་ ༢༩ ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་མཚམས་སུ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་གཏོང་བ་བཅས་ནི་ཏང་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་རེད། ཏང་ཡོངས་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་ཞིང་གསུམ་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་ནས་ཞིང་ལས་སྤུས་ཚད་མཐོ་བ་དང་ནུས་པ་ཆེ་བ། གྲོང་གསེབ་ཏུ་སྡོད་མལ་དང་ལས་ཀ་འཚམ་པ། ཞིང་པ་ཕྱུག་པོ་ཆགས་པ་བཅས་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་རྗེས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་ནི་ཞིང་གསུམ་ལས་དོན་གྱི་གཙོ་གནད་ལོ་རྒྱུས་རང་བཞིན་གྱི་སྤོ་སྒྱུར་བྱས་པ་ཞིག་རེད། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱས་ནས། འབྲུ་རིགས་ཐོན་སྐྱེད་ལ་ལོ་ལྟར་དམ་འཛིན་བྱེད་དགོས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་གཏིང་ཟབ་ཚད་དང་། རྒྱ་ཆེ་ཚད། དཀའ་སྡུག་ཆེ་ཚད་བཅས་དབུལ་སྒྲོལ་འགག་སྒྲོལ་ལས་ཆུང་བ་མེད་པས། ངེས་པར་དུ་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་དེ་བས་བྱེད་ཐབས་ནུས་ལྡན་དང་སྟོབས་ཤུགས་དེ་བས་ཆེ་བ་གཅིག་ཏུ་བསྒྲིལ་ཏེ་སྐུལ་འདེད་གཏོང་དགོས། ཏང་གིས་ཞིང་གསུམ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། ཞིང་ལས་དང་ཞིང་གྲོང་སྔོན་ལ་འཕེལ་རྒྱས་གཏོང་བའི་མཛད་ཇུས་དོན་འཁྱོལ་བྱས་ཏེ། སྟོབས་ཤུགས་དེ་བས་ཆེན་པོས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། གཅིག་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་པར་བྱེད་པ། ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་པ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་བཀོད་སྒྲིག་ལེགས་སུ་གཏོང་བ། ཁེ་ཕན་གྱི་མཉམ་འབྲེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཞིང་པར་ཐོན་ལས་ཀྱི་གནས་ཐང་འཕར་བའི་ཁེ་ཕན་དེ་བས་མང་བ་མཉམ་སྤྱོད་བྱེད་དུ་འཇུག་དགོས།

གཉིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་དང་། གྲོང་གསེབ་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་བ། ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ། གྲོང་གསེབ་ཀྱི་གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲོང་སྲོལ་ཡ་རབས་དང་། ཁྱིམ་སྲོལ་ཡག་པོ། དམངས་སྲོལ་བབ་ཆགས་བཅས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།

གསུམ་ནས་གྲོང་གསེབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཞིང་ལས་ཁྱབ་ཁོངས་ཀྱི་སྦགས་བཙོག་གི་འབྱུང་ཁུངས་འགོག་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ས་གཤིས་ཀྱི་སྦགས་བཙོག་དང་། ས་འོག་ཆུ་ཚད་བརྒལ་འདོན་པ། ས་ཆུ་ཤོར་བ་སོགས་བཅོས་སྒྲིག་དང་ཉམས་གསོར་ཤུགས་སྣོན་རྒྱག་དགོས།

བཞི་ནས་གྲོང་གསེབ་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། གྲོང་གསེབ་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་གསོན་ཤུགས་འཕེལ་བ། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་ལ་བརྩི་འཇོག་བྱེད་པ་བཅས་ཀྱིས། སྒྱུར་བཅོས་ལ་ཚད་བརྒལ་གསར་པ་ཟམ་མི་ཆད་པར་འཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

ལྔ་ནས་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་མུ་མཐུད་གྲོང་གསེབ་ཏུ་འཇོག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ཤུགས་རྒྱག་པ་བཅས་བྱས་ནས་ཀུན་ཕན་རང་བཞིན་དང་། ཐ་སྐྱོང་རང་བཞིན། རྨང་གཞིའི་རང་བཞིན་བཅས་ཀྱི་དམངས་འཚོའི་འདུ་འགོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བྱེད་དགོས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་བཅོས་སྒྲིག་མཐོར་གཏོང་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་ནས་གསང་སྤྱོད་གསར་བརྗེ་དང་། བཙོག་ཆུ་གཙང་གསིང་། གད་སྙིགས་གཙང་སེལ་བཅས་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་དགོས། གྲོང་ཚོའི་བཀོད་པ་རིགས་དབྱེ་ལུགས་མཐུན་ངང་གཏན་འཁེལ་བྱས་ཏེ། སྲོལ་རྒྱུན་གྱི་གྲོང་ཚོ་དང་ཤང་དང་གྲོང་གསེབ་ཀྱི་དམིགས་བསལ་རྣམ་པར་སྲུང་སྐྱོང་བྱེད་པར་སྣང་ཆེན་གྱིས་རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།

དྲུག་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་མི་འབོར་གྲོང་མི་ཅན་ལ་སྐུལ་འདེད་གཏོང་དགོས། རྫོང་ཁོངས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་འཇུག་གཞི་གཙོ་བོར་བརྩིས་ཏེ། རྫོང་རིམ་པར་ཐོན་ཁུངས་དེ་བས་མང་བ་བསྡུ་སྒྲིལ་བཀོལ་སྤྱོད་བྱེད་པའི་རང་བརྟེན་དབང་ཆ་སྤྲད་ནས། རྫོང་གྲོང་གི་ཕྱོགས་བསྡུས་ཞབས་འདེགས་ནུས་པ་ཆེ་རུ་གཏོང་དགོས།

བདུན་ནས་གྲོང་གསེབ་བཅོས་སྒྲིག་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་གང་མགྱོགས་འཛུགས་པ། དུས་བདེའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གྲོང་གསེབ་བཅོས་སྒྲིག་བྱེད་ཐབས་གསར་གཏོད་བྱེད་པ་བཅས་ཀྱིས་གྲོང་གསེབ་ལེགས་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་གནམ་གཤིས་བློ་སྟོབས་དབུ་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་ནས་འགོ་ཁྲིད་པའི་དབུ་ཚོཊ་ཀྱི་གྲོས་ཚོཊ་འདིར་ཞུཊ་གནང་འདུག མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་སྐོར་གྱི་ཚོགས་འདུ་གལ་ཆེན་ཞིག བོད་ཀྱིས་གཞི་རིམ་ཏང་རྩ་འཛུགས་ལེཌ་གྲས་བརྒྱ་ལ་གཟེངས་བསྟོད་བྱས་འདུག