ཞི་ཅིན་ཕིང་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་ལྔའི་དུས་མཚམས་དང་པོའི་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གསུངས་བཤད་གལ་ཆེན་གནང་བ་དང་། ཁོང་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པས་རིམས་ནད་དུས་མཚམས་རྗེས་མར་རྒྱལ་སྤྱིའི་སྒྲིག་སྲོལ་དང་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ཐད་སྣེ་ཁྲིད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས་པ་དང་། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་འཛམ་གླིང་ཞི་བདེ་འཛུགས་སྐྲུན་བྱེད་མཁན་དང་། འཛམ་གླིང་ཧྲིལ་པོའི་གོང་འཕེལ་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་སྲོལ་སྲུང་སྐྱོང་བྱེད་མཁན་བཅས་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་བ་རེད།
སྤྱི་ཚེས ༢༡ ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་མཐོང་རྣམ་པའི་ཐོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་ལྔ་པའི་དུས་མཚམས་དང་པོའི་གྲོས་ཚོགས་ལ་ཞུགས་གནང་མ་ཟད་འགོ་བརྗོད་དུ་༼སྟོབས་ཤུགས་གཅིག་སྒྲིལ་རིམས་ནད་འགོག ཐུན་མོང་ཐོག་ཏུ་འབྱུང་འགྱུར་གཏོད༽ཅེས་པའི་གསུངས་གལ་ཆེན་གནང་བ་དང་། ཁོང་གིས། རྒྱལ་ཁབ་ཉི་ཤུ་ཚོགས་པས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་བཟུང་ནས། ཕྱོགས་མང་རིང་ལུགས་དང་། སྒོ་དབྱེ་ཁོང་ཡངས། གཉིས་ཕན་མཉམ་ལས། དུས་བསྟུན་མཉམ་སྐྱོད་བཅས་བྱེད་དགོས་པ་དང་། རིམས་ནད་ཀྱི་དུས་མཚམས་རྗེས་མར་རྒྱལ་སྤྱིའི་སྒྲིག་སྲོལ་དང་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ཐད་སྣེ་ཁྲིད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས། ཐུན་མོང་གོང་འཕེལ་བཅས་ཡོང་བ་བྱེད་པ་དང་། ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། མིའི་རིགས་ཀྱིས་བརྒྱུད་བཞིན་པའི་ལོ་བརྒྱའི་ནང་ཚབས་ཆེ་ཤོས་ཀྱི་ནམ་ཡམས་འགོས་ཁྱབ་འགྲོ་བར་ཕྱོགས་སྐབས་རྒྱལ་ཁབ་ཉི་ཤུ་ཚོགས་པས་བྱ་སྤྱོད་གང་མགྱོགས་བཟུང་བ་དང་། འཛམ་གླིང་ཧྲིལ་པོའི་རིམས་ནད་འགོག་པའི་མཉམ་ལས་དང་དཔལ་འབྱོར་སླར་གསོ་བྱེད་པའི་ཁ་ཕྱོགས་ལ་སྣེ་ཁྲིད་བྱས་ཡོད། མིག་སྔར། རིམས་ནད་སྔར་བཞིན་འགོས་ཁྱབ་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་ལྡོག་མྱུར་པོ་འགྲོ་བཞིན་ཡོད། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཤུགས་ཆེར་འགྲོ་བཞིན་པས། འཛམ་གླིང་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ལ་ཕོག་ཐུག་ཐེབས་ཡོད། ང་རང་ནས་རྒྱལ་ཁབ་ཉི་ཤུའི་ཚོགས་པས་གཤམ་གྱི་ཕྱོགས་འགའི་ཐད་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཏེ།
དེ་ཡང་གཅིག་ནས། འཛམ་གླིང་ཧྲིལ་པོའི་རིམས་ནད་འགོག་སྲུང་གྱང་བསྐྲུན་དགོས། དང་ཐོག་རང་སོ་སོའི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་མ་ཟད་རྒྱལ་ཁབ་གཞན་ལ་རོགས་སྐྱོར་བྱེད་དགོས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་མཐུན་སྦྱོར་ངང་ཐོན་ཁུངས་ལེགས་སྒྲིག་བྱེད་པར་རྒྱབ་སྐྱོར་བྱས་ནས་རིམས་འགོག་སྨན་ཁབ་འདྲ་མཉམ་དང་ནུས་ལྡན་ངང་བགོ་འགྲེམ་བྱ་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རིམས་འགོག་སྨན་ཁབ་དེ་རྒྱལ་ཁབ་ཁག་གི་མི་དམངས་ལ་བེད་སྤྱོད་ཡོད་པ་དང་བེད་སྤྱོད་བྱེད་ཐུབ་པའི་སྤྱི་པའི་ཐོན་རྫས་ཤིག་ཏུ་འགྱུར་བ་བྱེད་འདོད་ཡོད།
གཉིས་ནས། འཛམ་གླིང་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལེགས་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག འཛམ་གླིང་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་ངང་འཁོར་རྒྱུག་བདེ་བླག་བྱ་རྒྱུ་སླར་གསོ་དང་། སྨན་བཅོས་དངོས་ཟོག་ཉོ་ཚོང་རང་མོས་ཅན་དུ་འགྱུར་རྒྱུ་འཚོལ་ཞིབ། མི་སྣ་གོ་རིམ་ལྡན་པའི་ངང་འགྲོ་འོང་བྱ་རྒྱུར་སྟབས་བདེ་བསྐྲུན་པ་བཅས་བྱེད་དགོས། རྒྱལ་ཁབ་དེ་བས་མང་བས་ཀྲུང་གོས་བཏོན་པའི་བདེ་ཐང་ཨང་རྟགས་རྒྱལ་སྤྱིའི་ཐོག་ཕན་ཚུན་ཁས་ལེན་བྱེད་པའི་སྒྲིག་གཞིའི་ནང་ཞུགས་རྒྱུའི་རེ་བ་ཡོད། རྒྱལ་ཁབ་ཉི་ཤུའི་ཚོགས་པས་མུ་མཐུད་ནས་མི་སྣ་འགྲོ་འོང་དང་དངོས་ཟོག་འཁོར་རྒྱུག་སྟབས་བདེ་རུ་གཏོང་བའི་ཐད་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་ཧྲིལ་པོའི་མཉམ་ལས་དྲ་བ་འཛུགས་དགོས།
གསུམ་ནས། གྲངས་གཞིའི་དཔལ་འབྱོར་གྱི་སྐུལ་འདེད་ནུས་པ་འདོན་སྤེལ་བྱ་དགོས། ཚན་རྩལ་གསར་གཏོད་དང་གྲངས་གཞི་ཅན་གྱི་འཕོ་འགྱུར་ལ་བརྟེན་ནས་གོང་འཕེལ་གྱི་སྒུལ་ནུས་གསར་པ་ཐོན་པ་བྱེད་དགོས། གྲངས་གཞིའི་བདེ་འཇགས་མཉམ་ལས་དང་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཁག་གི་ཚན་རྩལ་ཁེ་ལས་ལ་འདྲ་མཉམ་འགྲན་རྩོད་ཀྱི་ཁོར་ཡུག་བསྐྲུན་དགོས། གྲངས་གཞིའི་དཔལ་འབྱོར་གྱིས་ལས་ཞུགས་དང་། ཁྲལ་བསྡུའི་ཡོང་འབབ། དེ་བཞིན་སྤྱི་ཚོགས་ཀྱི་ཉམས་ཞན་མི་ཚོགས་ལ་སྤྲད་པའི་འགྲན་རྩོད་ཐག་གཅོད་བྱ་དགོས་པ་དང་། གྲངས་གཞི་ལས་ཐོན་པའི་ཧེ་བག་ཁ་གསབ་བྱེད་དགོས།
བཞི་ནས། དེ་བས་ཁོང་ཡངས་ཀྱི་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་དགོས། ཀྲུང་གོས་དཀའ་ངལ་ཁྱད་བསད་ཀྱིས་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་བུ་ལོན་ནར་འགྱངས་གྲོས་འགོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། བུ་ལོན་ནར་འགྱངས་གྲོས་འགོའི་དུས་བཀག་རིང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ་མ་ཟད། དཀའ་ངལ་དངོས་ཡོད་པའི་རྒྱལ་ཁབ་ལ་བུ་ལོན་ནར་འགྱངས་དང་བུ་ལོན་ཉུང་དུ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་གོས་སྤྱི་ལོ ༢༠༢༥ ལོར་སླར་ཡང་འཛམ་གླིང་ཧྲིལ་པོའི་བུད་མེད་དབུ་ཚོགས་སྐོང་འཚོག་བྱས་ནས། རིམས་ནད་དུས་མཚམས་རྗེས་མར་བུད་མེད་ཀྱི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་གྲོས་འགོ་བཏོན་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སང་ལོར་འཛམ་གླིང་འབྲུ་རིགས་དབུ་ཚོགས་འཚོག་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དུས་ལ་བབ་མཚམས་ཤིག་ལ་རྒྱལ་སྤྱིའི་འབྲུ་རིགས་གྱོང་གུན་ཆུང་དུ་གཏོང་བའི་ཚོགས་ཆེན་འཚོག་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་གསུངས་གནང་བ་དང་།
ཞི་ཅིན་ཕིང་གིས། རྒྱལ་ཁབ་ཉི་ཤུ་ཚོགས་པས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་། སྒོ་དབྱེ་ཁོང་ཡངས་མཐའ་འཁྱོངས། གཉིས་ཕན་མཉམ་ལས་མཐའ་འཁྱོངས། དུས་བསྟུན་མདུན་སྐྱོད་མཐའ་འཁྱོངས་བཅས་བྱས་ཏེ་རིམས་ནད་ཀྱི་དུས་མཚམས་རྗེས་མར་རྒྱལ་སྤྱིའི་སྒྲིག་ལམ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཐད་སྣེ་ཁྲིད་ཀྱི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས།
དེའང་དང་པོ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་ཤུགས་སྣོན་རྒྱག་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་གནད་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ནན་པོ་བྱེད་པ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོང་བཅས་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་བས་ནུས་ལྡན་ངང་འཛམ་གླིང་ཧྲིལ་པོའི་ཐུན་མོང་ངོས་འཛིན་གཅིག་བསྡུས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། འཛམ་གླིང་ཧྲིལ་པོའི་ཐོན་ཁུངས་སྐུལ་སློང་བྱེད་པ། འཛམ་གླིང་ཧྲིལ་པོའི་བྱ་སྤྱོད་མཐུན་སྦྱོར་བྱེད་པ་བཅས་བྱས་ནས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས།
གཉིས་པ། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་གྱི་བཅོས་སྐྱོང་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་བྱེད་པ་དང་། རང་མོས་ཉོ་འཚོང་ལ་སྐུལ་འདེད་གཏོང་བ། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། འདྲ་མཉམ་འགྲན་རྩོད་ལ་སྲུང་སྐྱོང་བྱེད་པ་བཅས་བྱེད་དགོས། རྒྱལ་སྤྱིའི་དངུལ་རྩའི་མ་ལག་མུ་མཐུད་བསྒྱུར་བཅོས་དང་། འཛམ་གླིང་ཧྲིལ་པོའི་དངུལ་རྩའི་བདེ་འཇགས་དྲ་བ་བརྟན་པོ་འཛུགས་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་བཤད་དབང་ཆེ་རུ་གཏོང་བ་བཅས་བྱ་དགོས།
གསུམ་པ། གྲངས་གཞིའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ལག་གདང་སྦྲེལ་ནས་སྒོ་དབྱེ་དང་གཞུང་དྲང་། དྲང་བདེན། མཐོང་ཆུང་མེད་པ་བཅས་ཀྱི་གྲངས་གཞིའི་གོང་འཕེལ་ཁོར་ཡུག་གཏོད་དགོས། ཀྲུང་གོས་གོ་ལའི་གྲངས་གཞིའི་བདེ་འཇགས་གྲོས་ཆོད་བཏོན་ཡོད་པ་དང་། ཕྱོགས་ཁག་དང་མཉམ་དུ་གོ་ལའི་གྲངས་གཞི་བཅོས་སྒྲིག་སྒྲིག་སྲོལ་འཚོལ་ཞིབ་བྱས་ནས་བཟོ་འདོད་ཡོད། ཀྲུང་གོས་འོས་འཚམ་སྐབས་མི་ཐབས་རིག་ནུས་ཀྱི་ཆེད་དོན་གྲོས་ཚོགས་འཚོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མི་ཐབས་རིག་ནུས་ཀྱི་རྩ་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གོ་ལའི་མི་ཐབས་རིག་ནུས་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན། སྒོ་དབྱེ་དང་ཁོང་ཡངས་ཀྱི་ཐོག་ནས་ཁྲིམས་གཏན་འཁེལ་བའི་གྲངས་གཞིའི་དངུལ་ལོར་གྱི་ཚད་གཞི་དང་རྩ་དོན་འཚོལ་ཞིབ་སྒྲིག་བཟོ་བྱེད་དགོས།
བཞི་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ནུས་པར་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོར་ནད་ཡམས་མཆེད་རྒྱུ་སྔོན་འགོག་དང་དེར་ཁ་གཏད་གཅོག་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་མ་ལག་འཛུགས་དགོས། སང་ལོར་འཚོག་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་བའི་སྐོར་གྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་གོ་སྐབས་སུ་བཟུང་ནས། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱ་རྒྱུ་ཕྱོགས་ཡོངས་ནས་གཏན་འགོག་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོས་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་གྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་བྱ་རྒྱུ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་གོང་འཕེལ་གྱི་གནས་སྟངས་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན། དེས་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་བ་སྐྲུན་ཐུབ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད། རྒྱལ་ཁབ་ཡོད་ཚད་དང་ལྷན་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཞི་བདེ་མཉམ་གནས་དང་ཐུན་མོང་ཐོག་གོང་འཕེལ་ཡོང་བ་བྱེད་པ་དང་། གྲོས་མོལ་ལ་བརྟེན་ནས་འགལ་ཟླ་སེལ་བ་དང་། དབྱེ་འབྱེད་གྲོས་མོལ་ཐོག་ནས་རྩོད་གཞི་སེལ་ནས་འཛམ་གླིང་ཞི་བདེ་དང་གོང་འཕེལ་ཡོང་ཆེད་མཉམ་དུ་འབད་བརྩོན་བྱ་འདོད་ཡོད་ཅེས་གསུངས་གནང་བ་རེད།
མཇུག་ཏུ་ཞི་ཅིན་ཕིང་གིས། རིམས་ནད་རྗེས་ཀྱི་འཛམ་གླིང་ལ་སྐྱེས་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱས་ངེས་ཡིན། ང་ཚོས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་གཏོད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
དབུ་ཚོགས་དེ་ནི་ད་ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་གྱིས་གཙོ་སྐྱོང་གནང་བ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣ་དང་། སྐུ་མགྲོན་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ། དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བ་བཅས་དབུ་ཚོགས་ཞུགས་ཡོད་པ་རེད།
འགོ་ཁྲིད་རྣམས་ནས་ཡོངས་ཁྱབ་ཐོག་ད་ལོའི་སྤྱི་ཟླ་གསུམ་པར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་དམིགས་གསལ་དབུ་ཚོགས་འཚོགས་ཚུན། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད་ལ། རིམས་ནད་ཀྱི་མདུན་དུ་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་དེ་ཆེས་གལ་འགངས་ཆེ་ཤོས་དེ་ཡིན་པ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པས་རྒྱལ་སྤྱིའི་རིམས་འགོག་དང་དཔལ་འབྱོར་སླར་གསོའི་ཐད་མུ་མཐུད་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། རིམས་འགོག་སྨན་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་མཐུན་སྦྱོར་གྱི་ནུས་པ་གལ་ཆེན་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དུས་མཚུངས་སུ་ལས་ཀ་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་ནས་གོ་ལའི་མཁོ་སྤྲོད་སྦྲེལ་ཐག་གི་སྒོ་དབྱེའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། མུ་མཐུད་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བུན་འགྱང་གྲོས་ཆོད་ལག་ལེན་བསྟར་དགོས། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་བསྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་པ། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་བྱེད་པ། མཉམ་དུ་སྒོ་དབྱེ་དང་གཞུང་དྲང་། མཐོང་ཆུང་མེད་པ་བཅས་ཀྱི་ཁོར་ཡུག་གཏོད་པ་བཅས་བྱེད་དགོས། གྲངས་གཞིའི་དཔལ་འབྱོར་དང་གནམ་གཤིས་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས་རིམས་ནད་རྗེས་ཀྱི་འཛམ་གླིང་དེ་བས་སྟོབས་དང་ལྡན་ཞིང་། རྒྱུན་མཐུད་རུང་བ། དོ་སྙོམ་ཡིན་པ། ཁོང་ཡངས་བཅས་ཀྱི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཏིང་ཞུའེ་ཞང་དང་། ལེའུ་ཧོ། དབྱང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་དབུ་ཚོགས་ལ་ཞུགས་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ། ཞི་ཅིན་ཕིང་གིས་སྒོ་ཀུན་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ། ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་བ། ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།