ཚེས ༡༩ ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་སུ་ཡིག་འབུལ་ཞུ་བར་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་རེ་ཞུ་གསན་བཞིན་པ།
རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ཀྱི་སྣེ་ལེན་ཁང་དུ་ཝང་ཅུན་ཀྲེང་གིས་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་རེ་ཞུ་གསན་ནས། ཡིག་འབུལ་ཞུ་བཅར་གནད་དོན་གྱི་འབྱུང་རྐྱེན་དང་འབྱུང་ལུགས་འབྱུང་སྟངས་མཁྱེན་རྟོགས་ནན་ཏན་གནང་བ་དང་། ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་ཐབས་ཞིབ་འཇུག་གནང་སྟེ། འབྲེལ་ཡོད་སྡེ་ཚན་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་མང་ཚོགས་ཀྱིས་ཞུས་པའི་གནད་དོན་ལུགས་དང་མཐུན་པའི་སྒོ་ནས་ཐག་གཅོད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཝང་ཅུན་ཀྲེང་གིས་ཡིག་འབུལ་ཞུ་བཅར་ལས་དོན་ནི་སྒོ་རྩར་བསྐྱལ་བའི་མང་ཚོགས་ཀྱི་ལས་དོན་དང་། ཏང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན། ཏང་དང་སྲིད་གཞུང་གིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་། དམངས་ཀྱི་སེམས་པ་གཅིག་སྒྲིལ་བཅས་ཀྱི་ལས་དོན་གལ་ཆེན། རིམ་ཁག་ལས་ཁུངས་དང་། ཚན་པ། དེ་བཞིན་འགོ་ཁྲིད་ལས་བྱེད་པ་དང་ལས་དོན་མི་སྣ་བཅས་ཀྱིས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་བཅས་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ལས་ཀའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རང་རྟོགས་ངང་ཆེ་རུ་གཏོང་བ། འབྱུང་རྩ་ནས་སྔོན་འགོག་ལ་མཐོང་ཆེན་བྱེད་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འདུམ་འགྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གཏོད་དགོས་པ་སྟེ།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས་ཤིང་།ལས་ཞུགས་དང་། སྡོད་ཁང་། སློབ་གསོ། སྨན་བཅོས་སོགས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་དངོས་ཡོད་གནད་དོན་ལ་དམིགས་ཏེ་གནད་ས་སྒྲོལ་བ་དང་། འགག་ས་གཤོང་བ། ཞན་ཆ་སེལ་བ། དོ་སྙོམས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱི་ལུགས་མཐུན་ཁྲིམས་མཐུན་གྱི་རེ་ཞུ་དང་དཀའ་ངལ་དངོས་ཐག་གཅོད་ཡག་པོ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་ཡོང་བར་བྱེད་དགོས།
ཁྲིམས་ལྟར་སྲིད་འཛིན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཤིང་།ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོ་གཏོང་ཤུགས་ཆེ་ཏུ་གཏོང་བ་དང་། སྤྱི་ཚོགས་ཀྱི་བྱེད་པོ་ཁག་གིས་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གན་འཇོག་གི་སྙིང་སྟོབས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་རེ་ཞུ་ཁྲིམས་ལྟར་དཔྱོད་ཤེས་ལྡན་པའི་སྒོ་ནས་མཚོན་ཐུབ་པ་དང་ཁྲིམས་མཐུན་གྱི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ནས། སྤྱི་ཚོགས་ཡོངས་སུ་ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་དག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐོན་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས།
འབྱུང་རྩ་ནས་བཅོས་སྐྱོང་དང་འགལ་ཟླ་སེལ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་།ཟུར་བསྟན་ལེབ་མཐོང་མཐའ་འཁྱོངས་བྱས་ཏེ། དཔེ་མཚོན་དུ་གྱུར་པའི་ཡིག་འབུལ་ཞུ་བཅར་གྱི་གྱོད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། གནད་དོན་གཅིག་ཐག་གཅོད་བྱས་ན་གནད་དོན་ཁག་གཅིག་ཐག་གཅོད་ལ་སྐུལ་ཁྲིད་ཐུབ་པར”བྱེད་དགོས། ངལ་རྩོལ་ལྟ་ཞིབ་སྡེ་ཚན་གྱིས་ལས་གྲྭའི་རྣམ་གྲངས་ལ་ལྟ་འདོམས་ནན་པོ་བྱེད་པ་དང་། གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱེད་པའི་ལས་དོན་ལ་སྟབས་བསྟུན་ཀྱི་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ། གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐོན་རྒྱུ་འབྱུང་རྩ་ནས་སྔོན་འགོག་བྱེད་དགོས་པའི་ནན་བཤད་གནང་བ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཤིན་ཅང་ཧྲེ་ཧོ་ཙེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། བོད་སྐྱོར་ཁག་དགུ་པའི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་འཚོགས་པ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ཨུད་ལྷན་ཁང་གི་རྒྱ་ཆེའི་ཚོགས་འདུ་གཙོ་སྐྱོང་གནང་བ།