ཚེས ༩ ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ནས་དགོན་སྡེའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མེ་གསོད་བཀོད་འཐབ་པ་བཅས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོ་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་ལས་གནས་བརྟན་པོར་སྲུང་མཁན་རྒྱ་ཆེའི་ལས་བྱེད་ལས་བཟོར་བྱམས་བརྩེའི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་གཙུག་ལག་ཁང་དུ་ཡུལ་སྐོར་བ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
ཤིང་རྭའི་ནང་ཝང་ཅུན་ཀྲེང་གིས་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་སྟེ་བརྟན་ལྷིང་སྲུང་སྐྱོང་དང་མེ་ཟོན་བདེ་འཇགས་ཀྱི་བྱེད་ཐབས་དོན་འཁྱོལ་དང་། དགོན་སྡེར་བཅའ་སྡོད་ལས་དོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་ཞིང་། ཁོང་གིས། རིག་གནས་རྒྱུན་འཛིན་ལ་ཤུགས་སྣོན་དང་རིག་དངོས་ལ་ལྡན་པའི་རིག་གནས་ཀྱི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་དང་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ཏེ་རིག་དངོས་ལ་བརྟེན་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས་པ་དང་། རིག་དངོས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་ལྡན་མེ་ཟོན་འཛུགས་སྐྱོང་མགྱོགས་པོ་བྱེད་པ། དེང་རབས་ཀྱི་ཚན་རིག་ལག་རྩལ་སྤྱོད་པ་དང་ཆ་འཕྲིན་ཅན་གྱི་ཐབས་ཤེས་གཏོང་བ་བཅས་བྱས་ཏེ་རྩ་ཆེའི་དཔེ་རྙིང་དང་རིག་དངོས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་དགོན་སྡེའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མེ་གསོད་བཀོད་འཐབ་པ་བཅས་ལ་འཚམས་འདྲི་གནང་བཞིན་པ།
ར་མོ་ཆེ་གཙུག་ལག་ཁང་ནི་ཝང་ཅུན་ཀྲེང་གི་འབྲེལ་གཏུག་བྱ་ཡུལ་གྱི་དགོན་སྡེ་ཡིན་པས། ཁོང་ར་མོ་ཆེར་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཐེངས་མང་ཕེབས་མྱོང་ཡོད།ཝང་ཅུན་ཀྲེང་གིས་བསྟན་དོན། དགོན་སྡེར་དོ་དམ་ཐུབ་པ་དང་དོ་དམ་ཡག་པོ་བྱེད་པ་ནི་འབྱུང་རྩ་ནས་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས། དགོན་སྡེའི་དགེ་འདུན་པ་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་དང་། ཡིན་མིན་གྱི་གནད་དོན་ཆེན་པོའི་ཐད་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་ཀྱི་ཞི་མཐུན་དང་བརྟན་ལྷིང་། འཕེལ་རྒྱས་བཅས་སྲུང་སྐྱོང་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་པ་དང་མིག་དཔེ་འདོན་པའི་རེ་བ་ཡོད། ཟླ ༡ ཚེས ༡༠ ཉིན་ནི་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་རེད། དེས་ན་ཝང་ཅུན་ཀྲེང་གིས་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ཚང་མར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་འབྲེལ། ཁོ་ཚོས་བོད་ཡུན་རིང་བདེ་འཁོད་དང་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལ་འགན་ལེན་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོ་ཚོས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་སེམས་ནུས་ཡོད་རྒུ་འདོན་པ་དང་རང་འགན་གཙང་སྒྲུབ་ཀྱིས་ཁོངས་གཏོགས་མང་ཚོགས་ཀྱི་དུས་བདེ་ཡག་པོ་སྲུང་བ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཡག་པོ་བྱེད་པའི་ཐུགས་རེ་གནང་བ་རེད།
ཝང་ཅུན་ཀྲེང་གིས་དགོན་སྡེའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ།སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མེ་གསོད་བཀོད་འཐབ་པ་བཅས་ལ་འཚམས་འདྲི་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་སྟེ།ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་སྡོམ། ཐལ་སྐྱོད་བཀག་སྡོམ། སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་བྱས་ནས་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས་འཛིན་པ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོའི་བྱེད་སྒོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། བོད་དུ་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་གསལ་འགྲེལ་གཏིང་ཟབ་དང་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་གཏོད་ཀྱི་ལས་དོན་སྤེལ་བ་བཅས་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ནུས་པ་གང་ལེགས་བཏོན་ཏེ་ཁྲིམས་སྐྱོང་དྲིལ་བསྒྲགས་དགོན་སྡེར་དོ་དམ་བྱེད་པའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་དོ་དམ་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་དོ་དམ་དང་། སློབ་གསོ། ཞབས་འདེགས་བཅས་ཀྱི་གཞི་གཅིག་ཅན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། འགན་འཁྲིའི་འདུ་ཤེས་དང་སྲུང་སྐྱོབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་དགོན་སྡེའི་མེ་ཟོན་དང་རིག་དངོས་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་དགོན་སྡེའི་རིག་དངོས་སྲུང་སྐྱོབ་དོ་དམ་ལ་དམ་འཛིན་ཡག་པོ། མེ་ཟོན་འདུ་འགོད་དང་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་ལས་ཀའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གཙུག་ལག་ཁང་གི་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་གནང་བཞིན་པ།