གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

སྤེལ་དུས་: 2023ལོ་03ཟླ་06ཚེས་ 11:56 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༥ ཉིན་གྱི་ཕྱི་དྲོ། ཁོང་ཞུགས་པའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྤུས་མཐོའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་རེད། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱས་ཐོག ཐོག་མཐའ་བར་གསུམ་དུ་གསར་གཏོད་དང་། མཐུན་སྦྱོར། སྦགས་མེད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་ནང་གནས་གཅིག་གྱུར་ལ་བརྟེན་ནས་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་། འཕེལ་རྒྱས་ལ་བསྡུར་ཞིབ་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། ངེས་པར་དུ་སྤུས་ཀ་ནུས་ལྡན་ངང་ལེགས་སུ་གཏོང་བ་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་རྒྱུར་དེ་བས་གཅིག་གྱུར་འཆར་འགོད་བྱས་ཐོག ཐོག་མཐའ་བར་གསུམ་དུ་སྤུས་ཚད་ཨང་དང་པོར་འཇོག་པ་དང་ཕན་འབྲས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་དང་། སྤུས་ཚད་ཀྱི་འདུ་ཤེས་ཟབ་ཏུ་ཤུགས་ཆེར་གཏོང་བ། སྤུས་ཚད་དེ་སྲོག་རྩར་བརྩི་བ། སྤུས་ཚད་མཐོ་པོ་ཡོང་བ་བྱ་རྒྱུ་དེ་དོན་གཉེར་བྱ་གཞིར་འཛིན་པ་བཅས་བྱེད་དགོས་པ། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཐོགལས་ཕྱོད་བསྒྱུར་བཅོས་དང་སྒུལ་ཤུགས་བསྒྱུར་བཅོས་ལ་བརྟེན་ནས་སྤུས་ཚད་བསྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། རྒྱུན་མཐུད་རུང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་གང་མགྱོགས་ཆགས་པ་བྱེད་དགོས་པ། ངེས་པར་དུ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་ཐོག་མའི་སྐུལ་སློང་དང་མཐར་ཐུག་གི་དམིགས་འབེན་ལ་བརྩིས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ཟམ་མི་ཆད་པར་འཚོ་བའི་སྤུས་ཚད་དུ་འགྱུར་བ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པར་ཕེབས་སྐབས། སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཡོད།

ཅང་སུའུ་འཐུས་མི་ཚོགས་པས་གྲོས་ཞིབ་ནན་ཏན་བྱས་པ་དང་རྣམ་པ་འཁྲུག་ཆ་དོད་པོ་ཡོད། ཞུས་ཁུན་ལིན་དང་། ལིའུ་ཆིང་། ཧྲན་ཙེང་ཧའེ། ཝེ་ཆའོ། ཀྲང་ཏ་ཏུང་། ཝུའུ་ཆིང་ཝུན་སོགས་འཐུས་མི་དྲུག་གིས་ཁག་སོ་སོར་རྒྱལ་ཡོངས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཞབས་ཞུ་དང་། ས་ཁོངས་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བློ་བརྟན་འགྱུར་མེད་ངང་བཟོ་སྐྲུན་ལས་རིགས་ཀྱི་མཐོ་སར་སྙེགས་པ། དུས་རབས་གསར་པའི་ཞིང་པ་གསར་པ་ཡག་པོ་བྱེད་པ། ཏང་གི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་རུ་སྣེ་ཁྲིད་མཁན་ཡག་པོ་བྱེད་པ་སོགས་ཀྱི་གནད་དོན་སྐོར་ལ་གཏམ་བཤད་སྤེལ་བ་རེད། ཞི་ཅིན་ཕིང་གིས་བར་དུ་གཏམ་བཤད་ཡང་ཡང་གནང་བ་དང་ཚང་མ་དང་སྤེལ་རེས་གནང་ཡོད།

ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གཏམ་བཤད་གནང་བ་རེད། ཁོང་གིས་དང་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུར་མོས་མཐུན་ཡོད་ཚུལ་བསྟན་གནང་བ་དང་། ལོ་ལྔའི་རིང་ཅང་སུའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་གི་ཕྱོགས་གང་ཅིའི་ཐད་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཅང་སུའུ་ཡིས་མུ་མཐུད་ནས་དམ་པ་དོན་གཉེར་དང་འབད་འབུངས་ཡར་བརྩོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མདུན་གྲལ་དུ་བསྐྱོད་དེ། སྟོབས་འབྱོར་མཛེས་མཐོའི་ཅང་སུའུ་གསར་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་གཏོད་པའི་འགོ་ཡག་པོ་ཞིག་རྩོམ་རྒྱུ་དང་རྒྱལ་ཡོངས་ཁྱོན་ཡོངས་ལ་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་ཡོད།

ཞི་ཅིན་ཕིང་གིས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འཕེལ་གང་མགྱོགས་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ནང་། ང་ཚོས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་གཏོད་པར་རྩ་བའི་ཐོག་ནས་བརྗོད་ན་སྔར་བཞིན་ཚན་རྩལ་གསར་གཏོད་ལ་བརྟེན་དགོས། ང་ཚོས་དུས་བཀག་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཐུབ་མིན་གྱི་འགག་རྩ་ནི་ཚན་རྩལ་རང་སྟོབས་རང་སྤེལ་ལ་རག་ལས་ཡོད། ཁ་ཕྱོགས་བཞི་རྒྱུན་འཁྱོངས་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ཇེ་མགྱོགས་སུ་གཏོང་བ། ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་ནུས་ལྡན་རྒྱག་པ། རྩེར་སོན་ཚན་རིག་མཁས་པས་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་ལ་སྣེ་ཁྲིད་བྱེད་པར་རྒྱབ་སྐྱོར། འགག་རྩའི་ལྟེ་བའི་ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་གང་ཐུབ་བཅས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སུ་རང་བརྟེན་ཚོད་འཛིན་ཐུབ་པ་བྱེད་དགོས། ཁེ་ལས་ཀྱི་གཙོ་གཟུགས་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག མ་དངུལ་སྦྲེལ་ཐག ཤེས་ལྡན་མི་སྣའི་སྦྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཚན་རྩལ་རྣམ་པའི་རྐང་འཛིན་ཁེ་ལས་ཀྱི་སྣེ་ཁྲིད་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པ། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཐོན་ལས་ཚན་རྩལ་གསར་གཏོད་ལྟེ་གནས་ཧུར་ཐག་ངང་གཏོད་དགོས། ཚན་རྩལ་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། གསར་གཏོད་ཀྱི་རིག་གནས་གསོ་སྤེལ་ཤུགས་ཆེན་གཏོང་བ། ཚན་རྩལ་གདེང་འཇོག་མ་ལག་དང་སྐུལ་མ་གཏོང་བའི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། གསར་གཏོད་བྱེད་མཁན་ཤེས་ལྡན་མི་སྣ་འབུར་དུ་ཐོན་པར་བྱེད་པ་དང་འཇོན་ཐང་ངོམས་སའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་བསྟན་འདུག

ཞི་ཅིན་ཕིང་གིས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་མགྱོགས་སུ་གཏོང་བ་ནི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་རེད། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་བསྒྱུར་བཅོས་བྱ་རྒྱུ་སྟབས་བསྟུན་གྱི་ཟུང་འབྲེལ་བྱེད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་འཛུགས་དགོས། དཔལ་འབྱོར་གོང་འཕེལ་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཟུགས་དཔལ་འབྱོར་ཐོག་ཏུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཐོན་ལས་རྨང་གཞི་བསྐྱར་སྐྲུན་དང་ལག་རྩལ་སྒྲིག་ཆས་གལ་ཆེན་འགག་སྒྲོལ་བྱེད་པར་ཤུགས་རྒྱག་པ། འཛུགས་སྐྲུན་ལས་རིགས་རྩེར་སོན་ཅན་དང་རིག་ནུས་ཅན། སྦགས་མེད་ཅན་བཅས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། བཟོ་སྐྲུན་གྱི་སྟོབས་ཆེའི་ཞིང་ཆེན་བསྐྲུན་མགྱོགས་སུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གོང་འཕེལ་ཤུགས་ཆེན་གཏོང་བ། གྲངས་འཛིན་དཔལ་འབྱོར་གོང་འཕེལ་མགྱོགས་པོ་གཏོང་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་སྐྱོང་བྱེད་པ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་བླང་བྱ་གཞིར་བཟུང་། ཁྱབ་ཁོངས་གཙོ་བོའི་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་དང་ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱ་རྒྱུར་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་ནས། ལམ་ལུགས་རང་བཞིན་གྱི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་དགོས་ཞེས་བསྟན་འདུག

ཞི་ཅིན་ཕིང་གིས། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་རྨང་གཞི་ཡིན་པ་དང་། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་སྤུས་མཐོའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། རྨོ་ཞིང་གི་དམར་ཐིག་ནན་པོ་སྲུང་བ་དང་འབྲུ་རིགས་ཀྱི་འདེབས་ཁྱོན་བརྟན་པོ་ཡོང་བ་བྱེད་པ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་ཤུགས་རྒྱག་པ། འབྲུ་རིགས་དང་ཐོན་ལས་ཐོན་རྫས་གཙོ་བོ་བརྟན་ལ་བདེ་འཇགས་ལྡན་པའི་ངང་མཁོ་སྤྲོད་བྱ་རྒྱུར་འགན་སྲུང་ཏན་ཏིག་བྱེད་དགོས། ཐོན་ལས་དར་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། ཞིང་ལས་ཀྱི་ཐོན་ལས་སྦྲེལ་ཐག་སྣུར་བསྲིངས་དང་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་བསྲིངས་གོང་འཕེལ་གཏོང་བ། ཞིང་པའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བའི་ལམ་བུ་རྒྱ་སྐྱེད་ཟམ་མི་ཆད་པར་གཏོང་དགོས། གྲོང་རྡལ་དང་གྲོང་ཚོའི་བཀོད་སྒྲིག་འཆར་འགོད་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ། གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་ལེགས་སྒྲིག་ལེགས་གཏོང་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། འཚོ་སྡོད་དང་ལས་ཞུགས་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། ཚན་རྩལ་དང་བསྒྱུར་བཅོས་ཀྱི་སྒུལ་ཤུགས་གཉིས་ལ་ཤུགས་རྒྱག་པ་དང་། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གྲོང་གསེབ་ཀྱི་གཞི་རྩའི་ཁེ་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ། རྣམ་པ་གསར་པའི་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་གཏོང་བ། རྣམ་པ་གསར་པའི་ཞིང་ལས་ཁེ་གཉེར་བྱེད་པོ་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་གོང་འཕེལ་གཏོང་བ། གྲོང་གསེབ་ཀྱི་གཞི་ཁྱོན་འཚམས་པའི་ཁེ་གཉེར་གོང་འཕེལ་གཏོང་བ་བརྒྱུད། ཞིང་ལས་དང་གྲོང་གསེབ་གོང་འཕེལ་ལ་སྒུལ་ཤུགས་དང་གསོན་ཤུགས་སྣོན་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། མི་དམངས་ཀྱི་བདེ་སྐྱིད་དང་བདེ་ཐང་ནི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐར་གཏུག་གི་དམིགས་ཡུལ་ཡིན། གཞི་རིམ་བཅོས་སྐྱོང་དང་དམངས་འཚོ་འགན་སྲུང་དེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་དང་སྤུས་མཐོའི་འཚོ་བ་བསྐྲུན་པའི་རྨང་གཞིའི་རང་བཞིན་གྱི་ལས་གཞི་ཡང་ཡིན་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་སེམས་ལ་བརྟན་པོར་འཇོག་པ་དང་དུས་ཐོག་ཏུ་དམ་འཛིན་བྱས་ཏེ། གྲུབ་འབྲས་དངོས་དངོས་རྗེན་རྗེན་ཐོབ་པའི་འགན་ལེན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་གཞི་རིམ་མང་ཚོགས་རང་སྐྱོང་ནང་རྐྱེན་འཐུས་ཚང་འཛུགས་པ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དྲ་མིག་ཅན་གྱི་དོ་དམ་དང་། གནད་སྨིན་ཞིབ་ཚགས་ཀྱི་ཞབས་ཞུ། ཆ་འཕྲིན་ཅན་གྱིས་འདེགས་སྐྱོར་བྱས་པའི་གཞི་རིམ་བཅོས་སྐྱོང་སྟེགས་བུ་བཅས་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། མི་དམངས་མང་ཚོགས་ལ་ཁྱིམ་གྱི་སྒོ་རྩ་ནས་སྤུས་ཀ་ལེགས་པའི་ཞབས་ཞུ་དང་གནད་སྨིན་ཞིབ་ཚགས་ཀྱི་དོ་དམ་མཁོ་འདོན་བྱ་དགོས། དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་། དུས་བབ་གསར་པའི་འོག་གི་མི་དམངས་ནང་ཁུལ་གྱི་འགལ་ཟླ་ཡང་དག་སེལ་བའི་ནང་རྐྱེན་འཐུས་ཚང་འཛུགས་པ། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་དུས་ཐོག་ཏུ་སེལ་བ་དང་རྐྱེན་མ་བྱུང་གོང་ནས་བཟློག་པ་རྒྱག་དགོས་པ། མི་དམངས་ཀྱི་བྲེལ་བ་ཆེ་བ་དང་། དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་ལ་དམ་པོར་གཞིགས་ཏེ། དམངས་འཚོར་ཕན་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་ཐབས་དེ་བས་མང་བ་ལག་བསྟར་བྱེད་པ་དང་། གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་འཛུགས་པ། མི་ཚོགས་གཙོ་བོའི་ལས་ཞུགས་ལ་ཁ་གཏད་རོགས་སྐྱོར་དང་ཡོང་འབབ་བགོ་འགྲེམས་སྙོམས་སྒྲིག་བྱེད་པ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་འཛུགས་པ། རྒན་རྒོན་དང་བྱིས་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ་སོགས་པའི་ལས་དོན་ཡག་པོ་བསྒྲུབ་དགོས། དུས་མཚམས་གསར་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དམ་འཛིན་དང་ཞིབ་ཚགས་ངང་སྒྲུབ་སྟེ། རིགས་ཁ་པར་ཁ་པའི་དོ་དམ་བྱེད་པའི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྤྱི་པའི་འཕྲོད་བསྟེན་དང་རིམས་ནད་སྔོན་འགོག་ཚོད་འཛིན་སྨན་བཅོས་ཞབས་ཞུའི་མ་ལག་བཅས་ཀྱི་འཛུགས་སྐྱོང་བྱ་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས་ཞེས་གསུངས་ཡོད།

མཇུག་ཏུ་ཞི་ཅིན་ཕིང་གིས། སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་དང་བློ་བརྟན་འགྱུར་མེད་ངང་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཕྲག་ཏུ་བརྟན་པོར་འཁུར་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱེད་པའི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། སྐབས་བརྗེའི་རྗེས་ཀྱི་རིམ་ཁག་འགོ་ཁྲིད་ཚན་པ་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་ཏང་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་གཙོའི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བརྒྱུད། རྒྱང་སྐྱོད་གསར་པར་འབད་འཐབ་བྱེད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་འགན་སྲུང་འགྱུར་མེད་ནུས་ལྡན་ཡོང་བ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཚའེ་ཆི་དང་། ཏིང་ཞུའེ་ཞང་། ཧོ་ལི་ཧྥེང་སོགས་ཞུགས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ། ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ། ལྗོངས་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་འཚོགས་པ། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།