ཟླ ༧ ཚེས ༡༠ ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མར་ཐེ་ཝུའེ་ཡན་ཁོའོ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༧ ཚེས ༡༠ ཉིན་གློག་འཕྲིན་འབྱོར་གསལ། ཟླ ༧ ཚེས ༡༠ ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མར་ཐེ་ཝུའེ་ཡན་ཁོའོ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་གནང་དོན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་ཨུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་སྤྱི་ཚོགས་རྨང་གཞི་དང་དམངས་འདོད་ཀྱི་རྨང་གཞི་དེ་བས་བརྟན་དུ་སོང་ཡོད། འདི་ལོའི་ཟླ ༧ པར་ངས་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ཙུང་ཐུང་ཕུའུ་ཅིང་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གསར་པ་གལ་ཆེན་བྱུང་ཡོད། ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་པོས་རང་སོ་སོའི་རྒྱལ་ཁབ་དང་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་དམིགས་ནས་བཏོན་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཨུ་རུ་སུ་ཕྱོགས་དང་མཉམ་དུ་ཕན་ཚུན་ལྟ་སྐྱོང་དང་། མཉམ་འདྲེས་གཏིང་ཟབ། གསར་འབྱེད་གསར་གཏོད། ཀུན་ཕན་གཉིས་ཁེ་བཅས་ཀྱི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་གཉིས་པོ་འཕེལ་རྒྱས་དང་དར་རྒྱས་གཏོང་རོགས་བྱས་ཏེ་དར་རྒྱས་བརྟན་ལྷིང་དང་དྲང་གཞག་དྲང་བདེན་གྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
མར་ཐེ་ཝུའེ་ཡན་ཁོའོ་ཡིས་གསུང་དོན། ཨུ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བསམ་འདུན་དང་མཐུན་པ་དང་། ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་པ་དང་འབྲེལ་མུ་མཐུད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་ཡོད། འདི་ལོའི་ཟླ ༣ པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་གྲུབ་འབྲས་ཐོབ་པའི་ངང་རྒྱལ་དོན་འཚམས་འདྲི་གནང་བ་དེས་ཨུ་ཀྲུང་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཨུ་རུ་སུའི་གྲོས་ཚོགས་ཀྱིས་ཨུ་ཀྲུང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་རྒྱ་ཁྱབ་བྱས་ནས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་ཆེད་བཅའ་ཁྲིམས་ཀྱི་འགན་ལེན་བྱེད་འདོད་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་སུའོ་ཅ་ཝ་ལེ་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་པ་པ་ཏོ་སིའི་ཙུང་ལི་མོ་ཐེ་ལི་དང་མཇལ་འཛོམས་གནང་བ། ཝང་ཅུན་ཀྲེང་གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལས་དོན་ལ་བརྟག་ཞིབ་དང་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་གནང་བ། ཝང་ཅུན་ཀྲེང་གིས་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ལ་ཞིབ་འཇུག་བྱེད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ།