རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༡༠ ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སུའོ་ལུའོ་མོན་གླིང་ཚོམ་གྱི་ཙུང་ལི་སུའོ་ཅ་ཝ་ལེ་དང་མཇལ་འཕྲད་གནང་བ་རེད། ཕྱོགས་གཉིས་པོས་ཐུན་མོང་ཐོག ཀྲུང་གོ་དང་སུའོ་ལུའོ་མོན་གླིང་ཚོམ་དབར་དུས་རབས་གསར་པའི་ཕན་ཚུན་བརྩི་འཇོག་དང་ཐུན་མོང་གོང་འཕེལ་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དངོས་སུ་བཙུགས་པའི་ཁྱབ་བསྒྲགས་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་སུའོ་ལུའོ་མོན་གླིང་ཚོམ་ནི་ཕན་ཚུན་བློས་འགེལ་ཆོག་པའི་གྲོགས་པོ་བཟང་པོ་དང་རྒྱབ་རྟེན་བཅོལ་ཆོག་པའི་གཅེན་གཅུང་བཟང་པོ་རེད། ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་སྔོན་མ་ལས་རྗེས་མ་ལྷག་པ་བྱུང་བས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དབར་གྱི་འབྲེལ་བའི་མདུན་གྲལ་དུ་སླེབས་ཏེ། རྒྱལ་ཁབ་ཆེ་ཆུང་མི་འདྲ་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་མཐུན་སྒྲིལ་མཉམ་ལས་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་དཔེ་སྟོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའོ་ལུའོ་མོན་ཕྱོགས་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། སུའོ་ལུའོ་མོན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པར་ཀྲུང་གོས་ཚད་མཐོའི་བསྔགས་བརྗོད་དང་། སུའོ་ལུའོ་མོན་ཕྱོགས་ཀྱིས་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར། རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུར་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་སྔ་ཕྱི་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱ་རྒྱུ་དང་། སུའོ་ལུའོ་མོན་ཕྱོགས་དང་མཉམ་དུ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་སུའོ་ལུའོ་མོན་གླིང་ཚོམ་གྱི ༢༠༣༥ ལོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། སུའོ་ལུའོ་མོན་ཕྱོགས་ཀྱི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཐོག སུའོ་ལུའོ་མོན་འཕེལ་རྒྱས་དར་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་སུའོ་ལུའོ་མོན་ལ་བསྐྱོད་དེ་མ་འཇོག་དང་བྱ་གཞག་གཏོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། མུ་མཐུད་སུའོ་ལུའོ་མོན་ལ་ཆབ་སྲིད་ཀྱི་ཆ་རྐྱེན་ཟུར་སྣོན་མི་བྱེད་པའི་དཔལ་འབྱོར་ལག་རྩལ་གྱི་རོགས་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་སྨན་བཅོས་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཛའ་གྲོགས་སྤེལ་རེས་རྒྱ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སུའོ་ལུའོ་མོན་གྱིས་སྐབས་བཅུ་བདུན་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་ལུས་རྩལ་འགྲན་ཚོགས་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ཀྲུང་གོའི་སྲིད་ཇུས་ཀྱིས་བརྩི་འཇོག་གང་ལེགས་བཞི་མཐའ་འཁྱོངས་བྱ་རྒྱུ་སྟེ། གཅིག་ནས་གླིང་ཕྲན་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་ལ་བརྩི་འཇོག་གང་ལེགས་བྱས་ནས། རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡོང་བ་མཐའ་འཁྱོངས་བྱ་རྒྱུ་དང་། གཉིས་ནས་གླིང་ཕྲན་རྒྱལ་ཁབ་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱས་ཏེ། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད། མཉམ་རྒྱལ་བཅས་མཐའ་འཁྱོངས་བྱ་རྒྱུ། གསུམ་ནས་གླིང་ཕྲན་རྒྱལ་ཁབ་ཀྱི་མི་རིགས་རིག་གནས་ཀྱི་སྲོལ་རྒྱུན་ལ་བརྩི་འཇོག་གང་ལེགས་བྱས་ནས། མཐུན་ཡང་ཤོག་ཁག་མི་སྒྲིལ་བ་དང་། མཉམ་དུ་མཛེས་སྡུག་ལྡན་པ་ཡོང་བ་མཐའ་འཁྱོངས་བྱ་རྒྱུ། བཞི་ནས་གླིང་ཕྲན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་འབད་ལ་བརྩི་འཇོག་གང་ལེགས་བྱས་ནས། གླིང་ཕྲན་རྒྱལ་ཁབ་ཀྱིས༼ཞི་བདེ་རྒྱ་མཚོ་ཆེན་མོ་སྔོན་མོའི ༢༠༥༠ ཡི་འཐབ་ཇུས༽དོན་འཁྱོལ་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། ཞི་བདེ་དང་། ཞི་མཐུན། བདེ་འཇགས། ཁོང་ཡངས། དར་རྒྱས་བཅས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོ་སྔོན་མོ་ཞིག་བསྐྲུན་རྒྱུར་ལེགས་སྐྱེས་འབུལ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ལ་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་དྲག་པོ་འཕྲད་པར་བསམ་ཤེས་བྱ་རྒྱུ་མ་ཟད། གླིང་ཕྲན་རྒྱལ་ཁབ་དང་མཉམ་དུ་གནམ་གཤིས་ཞབས་ཞུ་དང་། གེགས་འགོག་གེགས་སེལ། ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གླིང་ཕྲན་རྒྱལ་ཁབ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི ༢༠༣༠ ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་རོགས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའོ་ལུའོ་མོན་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པ། འཇམ་འཐབ་ཀྱི་བསམ་གཞིགས་དང་བཙན་དབང་རིང་ལུགས་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་པ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
སུའོ་ཅ་ཝ་ལེས། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པ་ནི་སུའོ་ལུའོ་མོན་གྱིས་གདམ་ག་ཡང་དག་བྱས་པ་ཞིག་ཡིན། ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་འདི་ཉིད་སུའོ་ལུའོ་མོན་གླིང་ཚོམ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་ལས་རོགས་ཟླ་ཆེ་ཤོས་དང་བློས་འགེལ་ཆོག་པའི་འཕེལ་རྒྱས་ཀྱི་རོགས་ཟླར་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་གནང་ནས། ཁྱད་དུ་འཕགས་པའི་གཟིགས་རྒྱང་དང་སྤྱིར་བཏང་མིན་པའི་འགོ་ཁྲིད་ཀྱི་ནུས་པ་མངོན་ཡོད། དེའི་ཐད་ལ་སུའོ་ལུའོ་མོན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ལ་འཛམ་གླིང་གིས་ཡིད་སྨོན་བྱེད་པ་དང་གང་དེ་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་ཡིན། སུའོ་ལུའོ་མོན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་ཅིང་། ཉོ་ཚོང་དང་མ་འཇོག མི་ཆོས་རིག་གནས། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་བཅས་བྱས་ཏེ། སུའོ་ལུའོ་མོན་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་འཕེལ་རྒྱས་ལ་དམིགས་པ་དང་ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་བྱ་སྤྱོད་གང་རུང་ལ་སུའོ་ལུའོ་མོན་ཕྱོགས་ནས་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
མཇལ་འཕྲད་གནང་གྲུབ་རྗེས། ཕྱོགས་གཉིས་པོས༼དུས་རབས་གསར་པར་ཕན་ཚུན་བརྩི་འཇོག་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའོ་ལུའོ་མོན་གླིང་ཚོམ་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས༽སྤེལ་བ་རེད།
ཝང་དབྱི་དང་ཝང་ཞའོ་ཧུང་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཤེས་དཔལ་སྤེལ་རེས་མིག་ལྟོས་དང་སྐད་ཆ་ཤོད་རེས་ཚོགས་འདུ་སྐབས་གསུམ་པ་དང་འཛམ་གླིང་རྒྱ་རིག་པ་མཁས་ཅན་གྱི་ཚོགས་ཆེན་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། ཞི་ཅིན་ཕིང་གིས་པ་པ་ཏོ་སིའི་ཙུང་ལི་མོ་ཐེ་ལི་དང་མཇལ་འཛོམས་གནང་བ། ཞི་ཅིན་ཕིང་ནས་གཞོན་ནུའི་འགན་ཁུར་བསམ་པ་སྐུལ་སློང་བྱེད་ཅེས་བསྟན། ཞི་ཅིན་ཕིང་གིས་ཨེ་རི་ཐྲེ་ཡའི་ཙུང་ཐུང་དབྱི་སཱ་ཡཱ་སི་དང་གྲོས་མོལ་གནང་བ།