ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་སྐབས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་སྟོན་གནང་བ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཧྲན་ཞི་རུ་རྟོག་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་ཀྱིས་གཙོ་ཐིག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྟན་པོ་དྲུག་གི་ལས་དོན་ཡག་པོ་བསྒྲུབ་པ། འགན་ལེན་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱེད་པ། སྤུས་ཚད་མཐོ་བའི་བརྗེ་སྒྱུར་གོང་འཕེལ་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་བ་བཅས་བྱས་ཏེ། དབུལ་གྲོལ་འགག་སྒྲོལ་གྱི་མཐའ་མའི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུའི་དམིགས་འབེན་ལས་འགན་ལེགས་སྒྲུབ་ཡོང་བར་འགན་ལེན་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱས་ནས་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཧྲན་ཞིའི་ཡི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད།
དབྱར་ཟླ་ར་བའི་ཧྲན་ཞི་ས་གཞི་ཆེན་མོར་རི་བོ་སྔོ་ཞིང་ལྗང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། སྤྱི་ཟླ ༥ པའི་ཚེས ༡༡ ཉིན་ནས ༡༢ ཉིན་བར་ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་ལོའུ་ཡང་ཧྲེང་དང་ཞིང་ཆེན་གྱི་འགོ་འཛིན་ལིན་ཝུའུ་ཡི་ཕེབས་རོགས་འོག་སྔ་རྗེས་སུ་ཏ་ཐུང་དང་ཐའེ་ཡོན་སོགས་ས་ཆར་ཕེབས་ཏེ། ཞིང་ལས་དང་ཐོན་ལས་རྟེན་གཞི་དང་གནས་སྤོས་གྲོང་གསར། རིག་དངོས་སྲུང་སྐྱོང་ཚན་པ། སྒྱུར་བཅོས་དཔེ་སྟོན་ཁུལ། ཁེ་ལས་སོགས་ལ་ཟབ་ཞུགས་གནང་སྟེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་གྱུར་སྐུལ་འདེད་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་གཏོང་བའི་ཐད་བརྟག་ཞིབ་གནང་ཡོད་པ་རེད།
སྤྱི་ཚེས ༡༡ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་དང་ཐོག་ཏ་ཐུང་གྲོང་ཁྱེར་ཡུན་ཀྲོའུ་ཁུལ་དུ་ཕེབས་ཏེ་སྐྱེ་ལྡན་མེ་ཏོག་སེར་པོའི་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞིར་རྟོག་ཞིབ་གནང་ཡོད། ཏ་ཐུང་མེ་ཏོག་སེར་པོའི་འདེབས་འཛུགས་ལ་ལོ་ངོ་དྲུག་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། དེ་ནི་ས་གནས་དེའི་གཙོ་ཁྲིད་ཐོན་ལས་ཡིན། ཉེ་བའི་ལོ་ཤས་རིང་། སྣེ་ཁྲིད་ཁེ་ལས་དང་མཉམ་ལས་ཁང་གི་སྣེ་ཁྲིད་འོག་མེ་ཏོག་སེར་པོའི་ཐོན་འབབ་ཀྱི་སྤུས་ཚད་བརྟན་ཞིང་འགྲོ་ཁུངས་དང་རིན་གོང་ལའང་འགན་ལེན་ཡོད་པ་དང་། ན་ནིང་དབུལ་ཕོངས་ཐེམ་དུད་ལ་ཆ་སྙོམས་ཡོང་འབབ་སྒོར་ཆིག་ཁྲི་ལྷག་ཙམ་ཟིན་ཡོད། ཞི་ཅིན་ཕིང་གིས་ཞིང་ནང་དུ་ཕེབས་ཏེ་མེ་ཏོག་སེར་པོའི་སྐྱེ་འཚར་ལ་གཟིགས་གནང་ཡོད། དེ་གར་ལས་ཀ་བྱེད་བཞིན་པའི་མང་ཚོགས་ཚོས་ཞི་ཅིན་ཕིང་གི་འགྲམ་དུ་ཡོང་བ་དང་། ཞི་ཅིན་ཕིང་གིས་མེ་ཏོག་སེར་པོའི་ཞིང་ནང་དོ་དམ་དང་། ཁྲོམ་རའི་རིན་གོང་། ཐོན་རྫས་ཀྱི་འགྲོ་ཁུངས་སོགས་ལ་མཁྱེན་རྟོགས་གནང་ཡོད། ཁོང་གིས། ཡུལ་མི་ཚོ་དབུལ་སྒྲོལ་ཐུབ་རྗེས་ང་རང་ནས་དོ་ཁུར་ཆེ་ཤོས་བྱེད་ས་ནི་གང་འདྲ་བྱས་ཏེ་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་དབུལ་ལོག་ཐེབས་རྒྱུ་སྔོན་འགོག་བྱས་ནས་ཡུལ་མི་ཚོ་རྒྱུན་མཐུད་འབབ་འཕར་ཕྱུག་འགྱུར་ཡོང་བར་འགན་ལེན་བྱ་རྒྱུ་དེ་ཡིན། མེ་ཏོག་སེར་པོའི་ཐོན་ལས་སྲུང་སྐྱོང་ཡག་པོ་དང་གོང་འཕེལ་ཡག་པོ་བཏང་སྟེ་ཐོན་ལས་ཆེན་པོར་འགྱུར་བ་དང་རྒྱལ་ཡོངས་ཀྱི་གྲགས་ཅན་ཚོང་རྟགས་ལ་འགྱུར་བ་བྱས་ཏེ། མེ་ཏོག་སེར་པོ་དེ་ཡུལ་མི་ཚོའི་ཕྱུག་འགྱུར་མེ་ཏོག་འགྱུར་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོའི་གུང་ཁྲན་ཏང་གིས་མང་ཚོགས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་གྲུབ་འབྲས་གལ་ཆེ་ཤོས་ལ་བརྩི་བ་དང་། མང་ཚོགས་ལ་བྱ་བ་བཟང་པོ་དང་དང་བྱ་བ་དངོས་ག་ཚོད་སྒྲུབ་པ་དེ་སྲིད་དོན་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ལ་འཇོག་གི་ཡོད། འདེབས་འཛུགས་རྟེན་གཞི་ནས་ཁ་བྲལ་རྗེས་ཞི་ཅིན་ཕིང་གིས་ཉེ་འཁོར་གྱི་ཡུན་ཀྲོའུ་ཁུལ་ཤི་ཕིང་གྲོང་རྡལ་ཧྥང་ཁྲེང་གྲོང་གསར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཡོད། གྲོང་ཚོ་དེ་ནི་གནས་སྤོས་གྲོང་ཚོ་ཞིག་ཡིན་པ་དང་། གཱ་ཤོག་དང་ཡིག་ཚགས་བཟོས་པའི་དབུལ་ཕོངས་ཐེམ་དུད ༧༧ དང་མི་གྲངས ༡༥༨ ཡོད་པ་དང་། སྤྱི་ལོ ༢༠༡༨ ལོར་སྤོས་ཚུན། མེ་ཏོག་སེར་པོའི་ཁྱད་ལྡན་ཐོན་ལས་སོགས་ལ་བརྟེན་པས་ཚང་མ་དབུལ་སྒྲོལ་ཐུབ་ཡོད། ཞི་ཅིན་ཕིང་གྲོང་ཚོའི་རྩལ་ནུས་སྦྱོང་བརྡར་ཞབས་ཞུའི་ས་ཚིགས་སུ་ཕེབས་ཏེ་གྲོང་གསར་གྱི་དབུལ་སྐྱོར་གནས་སྤོའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། མེ་ཏོག་སེར་པོའི་ཐོན་ལས་དང་འབྲེལ་བའི་ཐོན་རྫས་ཀྱི་འགྲེམས་སྟོན་ལ་གཟིགས་གནང་ཞིང་། ཏ་ཐུང་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་ལ་བརྟེན་ནས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བའི་བྱ་ཐབས་ལ་ཁས་ལེན་གནང་ཡོད། ཁོང་གིས། ཡུལ་གཞན་དུ་གནས་སྤོ་བྱེད་པ་ནི་སྡོད་གནས་ཐག་གཅོད་བྱེད་ཆེད་ཡིན་ལ་དེ་བས་ཀྱང་མང་ཚོགས་ཕྱུག་འགྱུར་ཡོང་ཆེད་ཡིན། ཡུལ་གཞན་དུ་གནས་སྤོ་བྱས་རྗེས་ཀྱི་རྗེས་མཐུད་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཐོན་ལས་གོང་འཕེལ་གཏོང་བ། ཐོན་ལས་རྣམ་གྲངས་གདམ་ག་ཡག་པོ་བྱས་ནས་ལེགས་གྲུབ་ཐུབ་ཚད་དང་རྒྱུན་མཐུད་གོང་འཕེལ་ལ་འགན་ལེན་བྱེད་དགོས། མང་ཚོགས་ལ་ཕན་པ་ཐོབ་པ་བྱ་རྒྱུ་དེ་མངོན་གསལ་དོད་སར་བཞག་སྟེ། ཐོན་ལས་དབུལ་སྐྱོར་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན། ཞིང་ལས་འགན་བཅོལ་སོགས་ཀྱི་ཐད་སྲིད་ཇུས་བཏོན་ནས་གྲོང་གསེབ་ཀྱི་དཔལ་འབྱོར་གོང་འཕེལ་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། གཞི་རིམ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་གྲོང་གསེབ་ཀྱི་ཐོན་ལས་རྣམ་གྲངས་ཀྱི་སྒྲིག་འཛུགས་པ་དང་སྐུལ་འདེད་གཏོང་མཁན་ཡག་པོ་བྱེད་དགོས་པ་མ་ཟད། མང་ཚོགས་ཀྱི་ཁེ་ཕན་སྲུང་མཁན་ཡག་པོ་ཞིག་བྱེད་དགོས། ཞི་ཅིན་ཕིང་གིས་རྒྱ་ཆེའི་གཞི་རིམ་ལས་བྱེད་པས་དབུལ་ཕོངས་མི་འབོར་དབུལ་སྒྲོལ་ཐུབ་པར་རོགས་རམ་བྱེད་ཆེད་དཀའ་སྤྱད་འབད་འཐབ་བྱས་པར་གདེང་འཇོག་གནང་ཡོད་པ་རེད།
གནས་སྤོས་དུད་ཁྱིམ་པའེ་ཀའོ་ཧྲན་གྱི་ཁྱིམ་དུ། ཞི་ཅིན་ཕིང་གིས་སྒོ་ར་དང་སྐུ་མགྲོན་བསུ་ཁང་། ཐབ་ཚང་། གསང་སྤྱོད་སོགས་སུ་གཟིགས་ཞིབ་གནང་མ་ཟད་ཁོང་ཚོའི་ནང་མི་དང་མཉམ་དུ་ས་ཁྲིའི་ཐོག་ཏུ་བཞུགས་ནས་གླེང་མོལ་གནང་ཡོད། པའེ་ཀའོ་ཧྲན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར། སྔོན་མ་ཁོང་ཚོ་སྡོད་ས་ནི་ས་ཕུག་ཡིན་པ་དང་། ད་ཆ་སྒོ་ར་རང་བདག་གི་སོ་ཕག་ཁང་ཆེན་ནང་གནས་སྤོས་ཐུབ་པ་མ་ཟད་ཉེ་འགྲམ་དུ་ལས་ཞུགས་ཐུབ་ནས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སོང་། ན་ནིང་བུ་ལའང་མནའ་མ་ཞིག་བླངས་པ་ཡིན་པས། ད་ལོ་ངེད་རྒན་རྒོན་གཉིས་ལ་ཚ་བོ་ཞིག་བྱུང་། འཚོ་བ་དངོས་གནས་སྐྱིད་པོ་འདུག་ཅེས་བཤད་ཡོད། ཞི་ཅིན་ཕིང་གིས། ཐུགས་དགྱེས་ཚོར་ཆེན་པོས། གུང་ཁྲན་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཁེ་ཕན་སྒྲུབ་མཁན་ཞིག་རེད། ད་ཆ། འཐེན་འཇོག་མི་བྱེད་པ་དང་། དཔྱ་ཁྲལ་མི་བསྡུ་བ། འགྲོ་གྲོན་མི་བསྡུ་བ། གཞུང་འབྲུ་མི་བསྡུ་བ་བཅས་བྱུང་བ་མ་ཟད། དཀའ་ངལ་ཡོད་པའི་མང་ཚོགས་ལ་སྨན་རྫས་སྐྱེལ་གྱི་ཡོད་པ་དང་། ཁང་པ་གསར་རྒྱག་བྱེད་པ། ལག་རྩལ་སློབ་པ། ཕྱུག་འགྱུར་ལམ་བུ་འཚོལ་བ་སོགས་བྱེད་ཀྱི་ཡོད་པས་ཡུལ་མི་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད། ད་ལོ་ནི་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པའི་མཇུག་བསྡུའི་ལོ་ཞིག་རེད། ཐབས་བརྒྱ་ཇུས་སྟོང་སྒོ་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་དགོས་པ་དང་། གོམ་སྟབས་རྗེས་མར་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་ལེན་ཡག་པོ་བསྟར་ཏེ་ཡུལ་མི་ཚོའི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པར་འགྱུར་བ་བྱེད་དགོས། ཡུལ་གཞན་གྱི་གནས་སྤོས་མང་ཚོགས་ནི་གྲོང་ཚོ་ག་ས་ག་ནས་ཡོང་བ་དང་། སྔོན་མའི་ཐ་ཐོར་གྱི་འཚོ་སྡོད་རྣམ་པ་དེ་གཅིག་སྡུད་ཆེ་བར་གྱུར་ཡོད། སྡེ་ཁུལ་འཛུགས་སྐྱོང་དང་དོ་དམ་ལ་ཤུགས་སྣོན་དང་། སྡེ་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་རྒྱལ་གཅེས་འཕྲོད་བསྟེན་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་མང་ཚོགས་རྣམས་གཅིག་ནས་སྡོད་ཁང་གསར་པའི་ནང་སྡོད་རྒྱུ་ཡོང་བ་དང་། འཚོ་བ་གསར་པར་རོལ་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད། གྲོང་ཚོ་ནས་ཞལ་གྱེས་སྐབས། གྲོང་མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་ཡོད། ཞི་ཅིན་ཕིང་གིས་ཡུལ་མི་རྣམས་ཀྱི་འཚོ་བ་བདེ་ཞིང་སྐྱིད་པ་ཡོང་བའི་སྨོན་འདུན་ཞུས་ཡོད་པ་རེད།
ས་སྲོས་ཀྱི་སྐབས་སུ། ཞི་ཅིན་ཕིང་ཡུན་ཀང་བྲག་ཕུག་ཏུ་རྟོག་ཞིབ་གནང་བར་ཕེབས་ཡོད། ཡུན་ཀང་བྲག་ཕུག་ནི་ལོ་ངོ་ ༡༥༠༠ གོང་རོལ་དུ་འཛུགས་སྐྲུན་བྱས་པ་དང་། འདི་ནི་ཀྲུང་ཕྱིའི་རིག་གནས་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་ནང་སའི་རིག་གནས། ནང་བསྟན་སྒྱུ་རྩལ་དང་རྡོ་བརྐོས་སྒྱུ་རྩལ་བཅས་གཅིག་ཏུ་འདྲེས་པའི་རིག་གནས་སྒྱུ་རྩལ་གྱི་བང་མཛོད་ཅིག་རེད། ཞི་ཅིན་ཕིང་གིས་འབུར་བརྐོས་དང་། ལྡེབས་རིས་ལ་གཟིགས་ཞོར་ལས་དོན་མི་སྣར་བྲག་ཕུག་དེའི་ལོ་རྒྱུས་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་གནས་ཚུལ་སོགས་ལ་མཁྱེན་རྟོགས་གནང་ཡོད། ཁོང་གིས། ཡུན་ཀང་བྲག་ཕུག་ནི་འཛམ་གླིང་གི་རིག་གནས་ཤུལ་བཞག་ཡིན་པ་དང་། ཡུན་ཀང་བྲག་ཕུག་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དེར་གཅིག་ནས་ཀྲུང་གོའི་དོན་སྙིང་ལྡན་ཡོད་ལ། གཉིས་ནས་འཛམ་གླིང་གི་དོན་སྙིང་ཡང་ལྡན་ཡོད། ལོ་རྒྱུས་རིག་གནས་ཤུལ་བཞག་ནི་སླར་ཡང་ཐོན་རྒྱུ་མེད་པ་དང་། ཚབ་མཚོན་བྱེད་ཐབས་བྲལ་བའི་རྩ་ཆེའི་ཐོན་ཁུངས་ཤིག་ཡིན་པས་སྲུང་སྐྱོབ་བྱ་རྒྱུ་དེ་ནམ་ཡང་ཨང་དང་པོར་འཇོག་དགོས། ཡུལ་སྐོར་འཕེལ་རྒྱས་བཏང་རུང་སྲུང་སྐྱོབ་བྱ་རྒྱུ་སྔོན་འགྲོར་འཇོག་དགོས། དེ་བས་ཚད་ལས་འདས་པའི་སྒོ་ནས་ཚོང་ལས་ཅན་མི་འགྱུར་བ་བྱས་ནས་ཡུལ་སྐོར་བྱ་རྒྱུ་དེ་མི་རྣམས་ཀྱིས་ཀྲུང་ཧྭའི་རིག་གནས་ལ་རྒྱུས་མངའ་དང་། རིག་གནས་ཀྱི་བློ་སྤོབས་མཐོ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་བ་བྱེད་དགོས། ཡུན་ཀང་བྲག་ཕུག་ཏུ་བསྡུས་པའི་མི་རིགས་ཁག་བར་སྤེལ་རེས་འབྲེལ་འདྲིས་གཏིང་ཟབ་བྱས་པའི་ལོ་རྒྱུས་ཀྱི་དོན་སྙིང་སྔོག་འདོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་ཤུགས་ཆེར་གཏོང་དགོས་ཞེས་གསུངས་ཡོད། ཡུལ་སྐོར་བས་སྤྱི་ཁྱབ་ཧྲུའུ་ཅི་མཇལ་མ་ཐག་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་ཞེས་སྐད་ཤུགས་ཆེན་པོས་འབོད་པ་དང་། ཞི་ཅིན་ཕིང་གིས་ཀྱང་ཁོང་ཚོར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་མ་ཟད་མཛེས་ལྗོངས་ཁུལ་གྱི་ལས་དོན་པས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རྨང་གཞིའི་འོག ཁྲིད་སྟོན་ལ་ཤུགས་སྣོན་དང་། མི་སྣའི་འགྲོ་འོང་ལ་ཚོད་འཛིན་གྱིས་མི་མང་པོ་རུབ་བསྡུས་བྱས་པ་ལས་རིམས་ནད་བསྐྱར་ལོག་མི་ཐེབས་པ་བྱེད་དགོས་པའི་བཀའ་མངགས་གནང་ཡོད་པ་རེད།
ཧྲན་ཞི་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་དང་། ཆ་ལག་ཆ་ཚང་། མ་ལག་རང་བཞིན་བཅས་ལྡན་པའི་རྒྱལ་ཁབ་ཀྱི་ཐོན་ཁུངས་རྣམ་པའི་དཔལ་འབྱོར་བརྗེ་བསྒྱུར་ཕྱོགས་བསྡུས་ཆ་སྦྱོར་སྒྱུར་བཅོས་ཚོད་ལྟ་ཁུལ་ཞིག་ཡིན། སྤྱི་ཚེས ༡༢ ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཧྲན་ཞི་ཡི་བརྗེ་སྒྱུར་ཕྱོགས་བསྡུས་སྒྱུར་བཅོས་དཔེ་སྟོན་ཁུལ་སྲིད་དོན་ཞབས་ཞུ་ལྟེ་གནས་སྒྱུར་བཅོས་གསར་གཏོད་ཚོམས་ཆེན་དུ་ཕེབས་ནས། དཔེ་སྟོན་ཁུལ་འཛུགས་སྐྲུན་དང་ལས་གཉེར་བྱེད་པའི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་པ་དང་གསར་གཏོད་ཐོན་རྫས་འགྲེམས་སྟོན་ལ་གཟིགས་གནང་བ་རེད། ཞི་ཅིན་ཕིང་གིས། དུས་ཡུན་རིང་པོའི་ནང་། ཧྲན་ཞི་དེ་ཉིད་རྡོ་སོལ་ལ་བརྟེན་ནས་དར་ཞིང་། རྡོ་སོལ་གྱི་དཀའ་གནད་ཁྲོད་ལྷུངས་བ་དང་། རྡོ་སོལ་ཁོ་ནར་བརྟེན་དྲགས་པས་ཐོན་ལས་རྐྱང་པར་གྱུར་ཡོད། བརྗེ་སྒྱུར་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱས་པ་དེ། ཏང་ཀྲུང་དབྱང་གིས་ཧྲན་ཞི་ལ་སྤྲད་པའི་ལས་འགན་ཆེན་པོ་ཞིག་ཡིན་ལ། ཧྲན་ཞི་ཡི་བརྗེ་སྒྱུར་གོང་འཕེལ་གཏོང་བའི་འགག་རྩའི་ཐབས་ཇུས་ཤིག་ཀྱང་རེད། ཧྲན་ཞི་ལ་ཁ་ཚ་དགོས་གཏུག་གི་བསམ་བློ་ཡོད་དགོས་ལ། དེ་བས་ཀྱང་ཕུགས་ཕན་གྱི་འཆར་གཞི་ཡོད་དགོས་པ་དང་། ཡང་དག་པ་ཡིན་ཚེ་རྒྱུན་འཁྱོངས་དང་ཡུན་རིང་འབད་འཐབ་བྱེད་པ། ཡང་སྐོར་བསྐྱར་སྐོར་དང་ཨུ་ཚུགས་མ་བྱས་པར། སྔ་ཙམ་བརྗེ་སྒྱུར་རིམ་སྤོར་གྱི་ལམ་བུ་གསར་པ་འཚོལ་ཞིབ་ཐུབ་པ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
དེ་རྗེས། ཞི་ཅིན་ཕིང་ཐའེ་ཀང་བཙའ་མི་རྒྱག་པའི་ལྕགས་རིགས་ངར་ལྕགས་ཚགས་དམ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་ཡོད། ཁེ་ལས་དེས་སྔོན་ཐོན་གྱི་ཐོན་སྐྱེད་བཟོ་རྩལ་ལ་བརྟེན་ནས། སྲབ་ལེབ་མཁྲེགས་གསུམ་ཐོན་རྫས་ཀྱི་ངོ་བོར་གཞིགས་ཏེ་མགྱོགས་མྱུར་གོང་འཕེལ་ཡོང་བ་བྱས་ཡོད། ཞི་ཅིན་ཕིང་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས། ཁེ་ལས་ཀྱི་བརྗེ་སྒྱུར་རིམ་སྤོར་གྱི་ཐོན་རྫས་འགྲེམས་སྟོན་ཁུལ་དུ་རྟོག་ཞིབ་གནང་བ་དང་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་ལ་རྒྱུས་ལོན་གནང་ཡོད། འོད་འཕྲོའི་འཕྲུལ་ཆས་མདུན་དུ། ཞི་ཅིན་ཕིང་གིས་ཐུགས་དགྱེས་ཚོར་ཆེན་པོས་མཐུག་ཚད་ལ་ཧའོ་སྨི ༠.༠༢ ལས་མེད་པའི་བཙའ་མི་རྒྱག་པའི་ལྕགས་རིགས་ཀྱིས་སྤུས་ལེགས་ལྕགས་སྐུད་ཐོན་སྐྱེད་བྱེད་པར་གཟིགས་གནང་ཡོད། ཞི་ཅིན་ཕིང་གིས། ཐོན་རྫས་དང་ལག་རྩལ་ནི་ཁེ་ལས་ཀྱི་འཚོ་གནས་ཀྱི་སྲོག་རྩ་ལྟ་བུ་ཡིན། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་བྱེད་པའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་བློ་སྟོབས་ཆེན་པོས་རྩེར་སྙེགས་བྱས་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་གོང་འཕེལ་ལ་འདེགས་སྐྱོར་བྱེད་པའི་ཐད་གོམས་སྟབས་དེ་བས་ཆེ་བ་སྤོ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར། རྒྱལ་ཡོངས་ཀྱི་རིམས་འགོག་ལས་དོན་དུས་སྐབས་གསར་པར་སླེབས་ཡོད། མ་གཞི་ང་ཚོར་གལ་ཆེའི་འཐབ་ཇུས་གྲུབ་འབྲས་ཐོབ་ཡོད་མོད། འོན་ཀྱང་དེ་དང་ཆབས་ཅིག་ཕྱི་རྒྱལ་གྱི་ནད་པ་རྒྱལ་ནང་དུ་འཛུལ་ཡོང་བའི་ཉེན་ཁ་དང་། རྒྱལ་ནང་དུ་ནད་ལོག་རྒྱག་པའི་ཉེན་ཁ་གནས་ཡོད་པས། ཁེ་ལས་ནས་ལྷོད་གཡེང་མི་བྱེད་པར། མུ་མཐུད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་དངོས་འཛིན་དང་། དམ་འཛིན། ཞིབ་འཛིན་བཅས་བྱས་ཏེ། སྔར་བས་ལེགས་པའི་སྒོ་ནས་ལས་སྒོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་དང་། སྐྱོན་བྲལ་ཐོན་སྐྱེད་བྱེད་པ། དུས་ཚོད་དམ་འཛིན་བཅས་བྱས་ཏེ། ད་ལོའི་དམིགས་ཚད་ལས་འགན་ཁག་ཧུར་བརྩོན་ཆེན་པོས་ལེགས་འགྲུབ་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཧྥེན་ཧོ་ཆུ་བོ་ནི་ཧྲན་ཞི་ཡི་མ་ཡུམ་ཆུ་བོ་རེད་ལ། རྨ་ཆུའི་ཡན་ལག་ཆུ་བོ་ཆེ་བ་གཉིས་པ་དེ་ཡང་རེད། ཐའེ་ཡོན་གྲོང་ཁུལ་དུ་ཡན་ལག་ཆུ་བོ་དགུ་ཡོད་ཅིང་། ལོ་རྒྱུས་ཀྱི་རྐྱེན་པས། སྐབས་ཤིག་རིང་ཧྥེན་ཧོ་ཆུ་བོར་བཙོག་སྐྱོན་ཚབས་ཆེན་ཕོག་ཡོད། སྤྱི་ལོ ༢༠༡༧ ལོའི་ཟླ་བ ༦ པར། ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་སྐབས་ཧྥེན་ཧོ་ཆུ་བོའི་ཆུ་ཤུགས་ཆེ་རུ་གཏོང་བ་དང་། ཆུའི་སྤུས་ཚད་ལེགས་སུ་གཏོང་བ། འགྲམ་ངོགས་ཀྱི་མཛེས་ལྗོངས་ལེགས་སུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་ཡོད། ཧྥེན་ཧོ་ཆུ་བོའི་ཆུ་སྤུས་ལེགས་སུ་གཏོང་བ་དང་གྲོང་ཁྱེར་གྱི་འབྱུང་ཁམས་ཁོར་ཡུག་ལེགས་སུ་གཏོང་ཆེད། ཐའེ་ཡོན་གྲོང་ཁྱེར་གྱིས་ཆུ་བོ་དགུ་ཡི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་པ་དང་། སྤྱི་ལོ ༢༠༡༨ ལོར་ལས་མཇུག་ཁྱོན་ཡོངས་ནས་འགྲིལ་ཡོད། སྤྱི་ཚེས ༡༢ ཉིན་གྱི་ཉིན་དགུང་། ཞི་ཅིན་ཕིང་ཆེད་མངགས་ཧྥེན་ཧོ་ཆུ་བོའི་ཐའེ་ཡོན་གྲོང་ཁུལ་གྱི་ཅིན་ཡང་ཟམ་པའི་ཐོག་ཕེབས་པ་དང་། ཐའེ་ཡོན་གྲོང་ཁྱེར་ཧྥེན་ཧོ་ཆུ་བོ་དང་དེ་བཞིན་ཡན་ལག་ཆུ་བོ་དགུ་ཡི་ཕྱོགས་བསྡུས་བཅོས་སྐྱོང་དང་། ཆུ་བོ་རྒྱུག་ཁུལ་གྱི་འབྱུང་ཁམས་ཉམས་གསོ་སོགས་ཀྱི་གནས་ཚུལ་སྐོར་གྱི་སྙན་སེང་གསན་ཡོད། ཆུ་བོའི་འགྲམ་ངོགས་སུ་ཞབས་ཐང་དུ་ཕེབས་ནས་ཧྥེན་ཧོ་ཆུ་བོའི་བཅོས་སྐྱོང་དང་ངོགས་གཉིས་ཀྱི་འབྱུང་ཁམས་སྲུང་སྐྱོབ་སྐོར་དང་། གྲོང་ཁྱེར་ཁོར་ཡུག་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་མཛད་པ་དང་། ཐའེ་ཡོན་གྱི་ཧྥེན་ཧོ་ཆུ་བོ་རྒྱུག་ཁུལ་གྱི་འབྱུང་ཁམས་ཁོར་ཡུག་ལ་འགྱུར་བ་ཇི་སྙེད་བྱུང་བར་ཐུགས་བློ་བདེ་པོ་བྱུང་ཞེས་གསུངས་ཡོད། ཞི་ཅིན་ཕིང་གིས། ཧྥེན་ཧོ་ཆུ་བོར་བཅོས་སྐྱོང་བྱ་རྒྱུ་དེ་ནི། ཧྲན་ཞི་ཡི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད་པ་མ་ཟད། ཐའེ་ཡོན་དང་ཐ་ན་ཧྲན་ཞི་ཡོངས་ཀྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་ཡང་འབྲེལ་བ་ཡོད། རི་ཆུ་དང་ནགས་ཞིང་། མཚོ་མཚེའུ། རྩྭ་ཐང་བཅས་ལ་གཞི་གཅིག་ཏུ་སྲུང་སྐྱོབ་ཉམས་བཟོ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཧྥེན་ཧོ་ཆུ་བོ་རྒྱུག་ཁུལ་གྱི་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་། ནུས་རྒྱུའི་གསར་བརྗེར་སྐུལ་འདེད། གནོད་མེད་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་དར་སྤེལ། དཔལ་འབྱོར་བརྗེ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་གཅིག་གྱུར་འཆར་འགོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རི་བོ་བཅོས་སྐྱོང་དང་། ཆུ་བོ་བཅོས་སྐྱོང་། རླུང་ཁམས་བཅོས་སྐྱོང་། གྲོང་ཁྱེར་བཅོས་སྐྱོང་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། རྒྱུན་མཐུད་ནས་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས། མཛེས་ཤིང་ལྟ་ན་སྡུག་པའི་ཐའེ་ཡོན་གྲོང་གྱི་མཛེས་ཉམས་བསྐྱར་དུ་མངོན་པར་བྱ་དགོས་ཤིང་། ཐའེ་ཡོན་གྱི་ཡིད་དབང་འགུག་ཤུགས་དང་། ཤུགས་རྐྱེན་ནུས་པ་ཟམ་མི་ཆད་པར་ཇེ་ཆེར་གཏོང་བ་དང་། ཐའེ་ཡོན་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད། སྤྲོ་གསེང་ལུས་སྦྱོང་ལ་རོལ་བའི་གྲོང་མི་མང་པོས། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་དུས། སྤྱི་ཁྱབ་ཧྲུའུ་ཅིའི་ཕྱོགས་སུ་བཅར་ནས་ཁོང་ལ་འཚམས་འདྲི་ཞུས་ཡོད། ཞི་ཅིན་ཕིང་གིས་ཚང་མ་སྐུ་གཟུགས་གསལ་ཐང་དང་། འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།
སྤྱི་ཚེས ༡༢ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་། ཧྲན་ཞི་ཡི་ལས་དོན་ཁག་ལ་གདེང་འཇོག་གནང་ཡོད། ཞི་ཅིན་ཕིང་གིས། མིག་སྔའི་ཆར་རང་རྒྱལ་དུ་ཕྱི་ནས་ཏོག་གསར་གློ་ཚད་འགོས་པའི་ནད་པ་འཛུལ་བའི་ཤུགས་རྐྱེན་སྔར་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ནང་དུ་རིམས་ནད་བསྐྱར་ལོག་རྒྱག་པའི་ཉེན་ཁ་ཡང་སྔར་བཞིན་གནས་ཡོད་པས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྔར་བཞིན་དམ་བཟུང་བྱ་དགོས་ཤིང་། ཕྱི་ནས་འཛུལ་རྒྱུ་སྔོན་འགོག་རྒྱུན་འཁྱོངས་དང་། ནང་དུ་བསྐྱར་ལོག་རྒྱག་རྒྱུ་སྔོན་འགོག་བྱ་དགོས་པ་དང་། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། རིམས་ནད་བསྐྱར་དུ་འགོས་ཁྱབ་འགྲོ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་ལས། རྐང་རྗེས་ལག་སུབ་རྩ་བ་ནས་བྱེད་མི་རུང་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཁེ་ལས་ཀྱི་ཐོན་སྐྱེད་དང་ལས་གཉེར་སླར་གསོ་བྱ་རྒྱུར་འཕྲད་པའི་དཀའ་ངལ་དང་གནད་དོན་ཁག་དུས་ཐོག་ཏུ་ཐག་གཅོད་བྱ་དགོས་པ་དང་། ནང་མཁོ་རྒྱ་ཆེར་གཏོང་བའི་སྲིད་ཇུས་བྱ་ཐབས་ཁག་དམ་འཛིན་ཡག་པོ་བྱེད་པ། དངོས་གཟུགས་དཔལ་འབྱོར་དང་ལྷག་པར་དུ་བཟོ་སྐྲུན་ལས་རིགས་སྟོབས་ཇེ་ཆེར་དང་སྤུས་ཇེ་ལེགས་སུ་གཏོང་བ། མ་འཇོག་རྣམ་གྲངས་གལ་ཆེན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ནུས་རྒྱུའི་གསར་བརྗེའི་ཕྱོགས་བསྡུས་སྒྱུར་བཅོས་བྱེད་པའི་ཚོད་ལྟའི་བླང་བྱ་དོན་འཁྱོལ་གང་ལེགས་བྱེད་པ། ཐོན་ལས་གྲུབ་གཞི་ལེགས་སྒྲིག་དང་ལེགས་སྒྱུར་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ། འཕོ་འགྱུར་རང་བཞིན་དང་། སྣེ་ཁྲིད་རང་བཞིན། མཚོན་རྟགས་རང་བཞིན་བཅས་ཀྱི་བྱ་ཐབས་ཁག་གཅིག་ལག་བསྟར་བྱེད་པ། ཚན་རྩལ་གསར་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་པ། རྨང་གཞིའི་སྒྲིག་བཀོད་གསར་པ་དང་། ལག་རྩལ་གསར་པ། རྒྱུ་ཆ་གསར་པ། སྒྲིག་ཆས་གསར་པ། ཐོན་རྫས་གསར་པ། ལས་རྣམ་གསར་པ་བཅས་ཀྱི་ཐད་འགག་སྒྲོལ་ཟམ་མི་ཆད་པར་ཡོང་ཐབས་བྱེད་པ། གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་མ་རྩ་དང་། ནོར་ཁྲལ་དངུལ་རྩ། ཚོང་གཉེར་ཁོར་ཡུག དམངས་གཉེར་དཔལ་འབྱོར། ནང་མཁོ་རྒྱ་སྐྱེད། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་སོགས་ཀྱི་སྒྱུར་བཅོས་ཁྱབ་ཁོངས་གཙོ་བོ་རྣམས་རྒྱུན་མཐུད་འགག་སྒྲོལ་ཐུབ་པ་བྱེད་པ་དང་། ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་གཞི་དང་ནང་རྐྱེན་འཐུས་ཚང་བཙུགས་ནས། སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་འབུངས་ལྷོད་མེད་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། རི་བོ་སྔོ་ཞིང་ཆུ་མོ་དྭངས་བ་ནི་གསེར་རི་དངུལ་རི་ཡིན་པའི་ལྟ་བ་བརྟན་པོ་འཛུགས་དགོས་པ་དང་། ཡིའུ་ཡུས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ། རི་ཆུ་དང་། ནགས་ཞིང་། མཚོ་མཚེའུ། རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཐོག་སྐུལ་འདེད་གཏོང་དགོས་པ། རི་བོ་གཉིས་དང་ཆུ་བོ་བདུན། རྒྱུག་ཁོངས་གཅིག་བཅས་ཀྱི་འབྱུང་ཁམས་སླར་གསོ་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། རྨ་ཆུའི་རྒྱུག་ཁོངས་ཀྱི་འབྱུང་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཏན་ཏིག་ངང་ལག་ལེན་བསྟར་ཐོག ལམ་ལུགས་གསར་གཏོད་མགྱོགས་སུ་གཏོང་བ་དང་། ལམ་ལུགས་ལག་བསྟར་ཤུགས་ཆེར་གཏོང་བ། སྦགས་མེད་ཐོན་སྐྱེད་འཚོ་བའི་ཐབས་ལམ་ཆགས་རྒྱུར་སྣེ་ཁྲིད་བྱས་ཏེ། སྦགས་བཙོག་འགོག་བཅོས་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱ་ཁ་མཐའ་གཅིག་ཏུ་ལེན་དགོས་པ་དང་། ཧྲན་ཤི་ཡི་རྨ་ཆུའི་རྒྱུད་ཀྱི་ས་ཁུལ་སྲུང་སྐྱོབ་ཁྲོད་གསར་སྤེལ་དང་གསར་སྤེལ་ཁྲོད་སྲུང་སྐྱོབ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། འབད་བརྩོན་ཆེན་པོས་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞི་སྲ་བརྟན་གཏོང་བ་དང་། འབྲུ་རིགས་ཐོན་སྐྱེད་ལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྨོ་ཞིང་གི་མཐའ་མའི་མཚམས་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས་པ། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་ཟབ་ཏུ་གཏོང་བ། ཞིང་ལས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དབུལ་ཕོངས་མི་འབོར་ལྷག་མའི་དབུལ་སྒྲོལ་ལས་དོན་ཡག་པོ་སྒྲུབ་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པ། དབུལ་ལོག་གི་ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་འགུལ་རྣམ་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་ཏན་ཏིག་བྱེད་པ། དམངས་འཚོའི་མཐའ་ཚད་བརྟན་སྲུང་བྱེད་པ། ལས་ཞུགས་སྔོན་ལ་བྱེད་པའི་འཐབ་ཇུས་དང་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམས་པའི་དམག་མི། ཞིང་པ་ལས་མི། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མི་སྣ་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་མངོན་གསལ་དོད་པོས་ཡག་པོ་སྒྲུབ་པ། ད་རེས་ཀྱི་རིམས་ནད་ཁྲོད་མངོན་པའི་སྤྱི་པའི་འཕྲོད་བསྟེན་མ་ལག་ཐད་ཀྱི་ཞན་ཆ་གང་མགྱོགས་གསབ་པ། སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། སྣ་མང་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་དང་གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ནས། རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོ་སྤེལ་བ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔོག་འདོན་གཏིང་ཟབ་བྱེད་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཀུན་སྤྱོད་ལེགས་སུ་གཏོང་བ་དང་། དར་སྲོལ་བཟང་པོ་འཛུགས་པ། རིག་གནས་ཀྱི་བློ་སྤོབས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། ཆབ་སྲིད་འཛུགས་སྐྱོང་གིས་གཅིག་གྱུར་སྣེ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ནང་ཁུལ་གྱི་ཆབ་སྲིད་འབྱུང་ཁམས་འཛུགས་སྐྱོང་དམ་འཛིན་རྒྱུན་སྲིང་ལྷོད་མེད་བྱེད་པ་དང་། ཕུགས་བསམ་གྱི་དད་སེམས་དང་སློབ་གསོར་ཤུགས་སྣོན་རྒྱག་པ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཆོག་པ། རུལ་སུངས་བྱེད་མི་བསམ་པ་བཅས་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། དར་ཆ་གསལ་སྟོན་གྱིས་ཚུལ་མིན་སྤྱོད་ཚུལ་སྣ་ཚོགས་དང་འཐབ་རྩོད་བྱེད་པ་བཅས་བྱེད་དགོས་ཞེས་སྟོན་གནང་བ་རེད།
ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཧོ་ལི་ཧྥོང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་སྨན་གཡོག་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་གནང་བ། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གལ་ཆེན་ཞིག་གཙོ་སྐྱོང་གནང་བ། དུས་རབས་གསར་པའི་གཞོན་ནུ་ཚོར་སྤྱི་ཁྱབ་ཧྲུའུ་ཅིས་བཀའ་སློབ་འདི་འདྲ་གནང་བ།