ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ཉེར་བདུན་པ་སྐོང་ཚོགས་བྱས་པར་འཕྲིན་ཡིག་སྤྲིངས་ནས་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་མ་ཟད། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་བ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་དུས་རབས་གསར་པའི་མདུན་དུ་བསྐྱོད་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་བ་དང་། ཝང་ཧུའུ་ཉིང་འགོ་ཚུགས་ཚོགས་ཆེན་ལ་ཞུགས་པ།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས ༡༧ ཉིན་གྱི་སྔ་དྲོ། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ཉེར་བདུན་པ་པེ་ཅིང་དུ་ཚོགས་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་དང་། གཞོན་ནུ་སློབ་མ། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ཆེའི་ཀྲུང་ཧྭའི་གཞོན་ནུ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་ལྔའི་རིང་། ཏང་གི་འགོ་ཁྲིད་འོག་དང་གུང་གཞོན་སྡེ་ཚོགས་ཀྱི་རོགས་རམ་དང་མཛུབ་སྟོན་འོག རིམ་པ་ཁག་གི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་བློ་རྩ་བརྟན་པོས་སྒྱུར་བཅོས་དང་ཡར་རྒྱས་བརྩོན་ལེན་བྱས་པ་དང་། རྒྱ་ཆེའི་གཞོན་ནུ་དང་སློབ་མ་གཞོན་ནུ་རྣམས་ལ་མཐུན་སྒྲིལ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཚར་བ་བྱེད་པའི་བརྒྱུད་རིམ་ནང་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་བ་དང་ལང་ཚོའི་ཉམས་འགྱུར་མངོན་པར་བྱས་ཤིང་། ཏང་གི་གཞོན་ནུའི་ལས་དོན་ཡག་པོ་སྒྲུབ་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཚར་བ་བྱེད་པའི་རླབས་ཆེན་རྒྱལ་ཁ་ལེན་ཉེར་ཡོད་པ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བའི་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་བཞིན་ཡོད། རང་རྒྱལ་གྱི་རྒྱ་ཆེའི་གཞོན་ནུ་ཚོས་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་བླ་ན་མེད་པའི་གཤིས་རྒྱུད་སྐྱེད་སྲིང་བྱེད་པ་དང་། ཉམས་སད་ཐེག་ཐུབ་པའི་ནུས་རྩལ་སྦྱོང་བ། གསར་སྐྲུན་གསར་གཏོད་བྱེད་ཕོད་པ། དཀའ་སྤྱད་འབད་འཐབ་ལྷོད་མེད། མི་དམངས་དུང་ཕྱུར་མང་པོ་དང་མཉམ་དུ་བློ་སྟོབས་ཆེན་པོས་འབད་འཐབ་བྱེད་རིང་དུས་རབས་གསར་པའི་ལང་ཚོའི་གླུ་དབྱངས་རྩོམ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ནི་ཏང་གི་གཞོན་ནུའི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཞོན་ནུའི་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་རྣམས་ཀྱི་འཇོན་ཐང་ཆེ་རུ་འགྲོ་བ་དང་འཇོན་ནུས་ངོམས་རྒྱུར་མཐུན་རྐྱེན་བཟང་པོ་བསྐྲུན་དགོས། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་དགོས་པ་དང་། གཞོན་ནུའི་ལས་ཀའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ། སྒྱུར་བཅོས་གསར་གཏོད་ཟབ་སྤེལ། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་བ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་དུས་རབས་གསར་པར་འབད་འཐབ་བྱས་ཐོག ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་འགོ་ཚུགས་ཚོགས་འདུར་ཞུགས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཞི་ནས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཤིས་ཚིག་གསུངས་པ་རེད། ཁོང་གིས། གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གཞོན་ནུ་འཚར་ལོངས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་ལས་དོན་ཁྲོད་རང་རྟོགས་ངང་དོན་འཁྱོལ་བྱ་དགོས། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཕུགས་བསམ་གྱི་དད་སེམས་བརྟན་པོ་འཆང་བ་དང་། འཚར་ལོངས་དང་འཇོན་ཐང་ཅན་ལ་འགྱུར་བ། གསར་འབྱེད་དང་གསར་གཏོད་བྱེད་ཕོད་པ། བླ་ན་མེད་པའི་ཀུན་སྤྱོད་སྦྱོང་བརྡར་བྱེད་པ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱ་དགོས་པ་དང་། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་འབད་འཐབ་པ་དང་། གསར་གཏོད་པ། ལེགས་སྐྱེས་འབུལ་མཁན་བཅས་བྱེད་གང་ཐུབ་བྱ་དགོས་པ། ལང་ཚོ་དང་རྔུལ་ཆུར་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལེའུ་ཡག་པོ་རྩོམ་དགོས་ཞེས་གསུངས་པ་རེད།
ཏིང་ཞུའེ་ཞང་དང་། དབྱང་ཞའོ་ཏུའུ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཡིའུ་ཆོན། ཨའེ་ལི་ཀེང་དབྱི་མིང་པ་ཧའེ། ཀུའུ་ཧྲེང་ཙུའུ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
འགོ་ཚུགས་ཚོགས་ཆེན་ཐོགགུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོ་ཅུན་ཁོའོ་ཡིས་ཤིས་ཚིག་གསུངས་པ་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོའེ་ཅིང་ཕེང་གིས་མི་དམངས་ཚོགས་པའི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་རེད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་ཝང་ཧུང་ཡན་དང་སྐབས་ཉེར་དྲུག་པའི་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཧྲེང་པོ་བཅས་ཀྱིས་ཁག་སོ་སོར་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་སྐབས་ཉེར་དྲུག་པའི་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་ཞུ་ཕུལ་ཡོད་པ་རེད།
འགོ་ཚུགས་ཚོགས་འདུ་ཝང་ཧུང་ཡན་གྱིས་གཙོ་སྐྱོང་གནང་བ་རེད། ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་དང་། གུང་གཞོན་སྡེ་ཚོགས་དང་སློབ་གསོའི་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བདུན་པའི་འཐུས་མི། ལས་རིགས་ཁག་གི་གཞོན་ནུ་དང་གཞོན་ནུ་སློབ་མའི་འཐུས་མི་བཅས་མི ༣༠༠༠ ཙམ་འགོ་ཚུགས་ཚོགས་འདུར་ཞུགས་ཡོད་པ་རེད།
ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ལྔའི་རིང་གི་ལས་ཀར་ཕྱོགས་བསྡོམས་དང་། མ་འོངས་པའི་ལོ་ལྔའི་ལས་འགན་ལ་ཞིབ་འཇུག་དང་གཏན་འཁེལ་བྱས་པ་རེད། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་དང་ཀྲུང་ཧྭ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་ལ་བཟོ་བཅོས་རྒྱག་རྒྱུ་དང་། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་རྟགས་གཏན་འཁེལ་བྱ་རྒྱུ། སྐབས་གསར་པའི་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ལས་ཁུངས་བདམས་པ་བཅས་བྱ་རྒྱུ་ཡིན་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
༼ བདེན་འཚོལ ༽ དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ། ཞི་ཅིན་ཕིང་ནས་གྲོན་ཆུང་བསྲི་ཚགས་ཐད་མཛུབ་སྟོན་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ལུའུ་ཁ་ཧྲེན་ཁོར་རྟེན་འབྲེལ་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་སྒྲིག་བཟོའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།