ཞི་ཅིན་ཕིང་གིས་གཞི་རིམ་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་ཐབས་ཇུས་དམངས་ལ་འདྲི་རྒྱུ་གཉིས་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་སྒྲིག་བཟོ་བྱ་རྒྱུ་དེ་མི་དམངས་ཀྱི་བསམ་འདུན་དང་འཚམ་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ།
སྤྱི་ཟླ ༩ པའི་ཚེས ༡༧ ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་གཞི་རིམ་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། གསུང་བཤད་གལ་ཆེན་གནང་བ་དང་། གཞི་རིམ་གྱི་ལས་བྱེད་མང་ཚོགས་ཀྱི་འཐུས་མིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་སྒྲིག་བཟོ་བྱེད་པའི་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་གནང་ཡོད།
ཁོང་གིས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན། ལོ་ལྔ་ཚན་གྱི་འཆར་འགོད་སྒྲིག་བཟོ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཕྱོགས་གང་ཅི་ཐད་དང་འབྲེལ་བ་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས། མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་ཐབས་ཇུས་དམངས་ལ་འདྲི་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་གཉིས་གཅིག་གྱུར་བྱ་དགོས། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ཐབས་འདོན་ཇུས་འབུལ་བྱེད་པར་བསྔགས་སྐུལ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་སྒྲིག་བཟོ་བྱ་རྒྱུ་དེ་མི་དམངས་ཀྱི་འདོད་བློ་དང་མཐུན་ཞིང་། མི་དམངས་ཀྱི་བསམ་ཚུལ་དང་རེ་འདོད་དང་མཐུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས་ཆེད་མངགས་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་འཚོགས་གནང་ཡོད། བཞུགས་མོལ་ཚོགས་འདུའི་ཐོག ཧེང་དབྱང་གྲོང་ཁྱེར་ཁྲང་ཉིང་གྲོང་ཁྱེར་ཐ་ཧྲན་ཡའོ་རིགས་ཤང་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་ཕན་ཅིའུ་རེན་དང་། ཧྲའོ་དབྱང་གྲོང་ཁྱེར་ལུང་ཧུའེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཡུང་ཧུང་། ཁྲང་ཧྲ་གྲོང་ཁྱེར་ཝང་ཁྲེང་གྲོང་ཁུལ་ཀོང་ཡོན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་ཤའོ་ཏིང་། ཀྲུང་གོ་ཨར་ལས་ཅུད་ལྔ་པའི་སྤྱི་ཁྱབ་འགན་ལེན་ཀུང་སིའི་སྤུས་ཚད་དོ་དམ་པ་ཙོའུ་པིན། ཁྲང་ཏེ་གྲོང་ཁྱེར་ཐའོ་ཡོན་རྫོང་གི་སྒེར་དུད་ཟོག་འདྲེན་ཁ་ལོ་བ་ལུང་པིང་། ཧུའུ་ནན་རུའེ་ཐུའུ་རིག་ནུས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཀྲོའུ་པོ་ཝུན། ཤང་ཞི་ཁུལ་ཧྥུང་ཧོང་རྫོང་ལེའོ་ཅ་ཆའོ་གྲོང་རྡལ་ཁྲང་ཕུའུ་ཐང་གྲོང་ཚོའི་ཏང་ཨུད་ཧྲུའུ་ཅི། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་ཙུའུ་ཧུའེ། ཧུའུ་ནན་ཆི་ཆི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ལས་འཛིན་དཔོན་དབྱང་ཧྲུའུ་ཐིང་། ཁྲང་ཧྲ་གྲོང་ཁྱེར་ཡུའེ་ལུའུ་ཆུས་ཞན་ཅ་ཧུའུ་རུན་ཙེ་ཡོན་ཅང་ཧན་ཡུན་ཡུན་ཟ་ཁང་གི་སྦྱིན་བདག་ལིའུ་ཆོན། ཧུའུ་ནན་ཀྲུང་ཁྲུའུ་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཁྲིམས་རྩོད་པ་དབྱི་ཧའོ་མིང་སོགས་གཞི་རིམ་གྱི་འཐུས་མི ༡༠ ཡིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་དང་། གྲོང་གསེབ་ཀྱི་སློབ་གསོའི་བྱ་གཞག་ཡག་པོ་གཉེར་བ་དང་། ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཞི་ཅིན་ཕིང་གིས་རེ་རེ་བཞིན་ལ་དཔྱད་བརྗོད་དང་ལན་ཆ་གནང་བ་དང་། ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་ཞིང་ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།
ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་གིས་དེ་རིང་ཚོགས་འདུར་ཞུགས་མཁན་གྲས་སུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི། གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས་སོགས་ནས་ཡོང་བ་ཡོད་ལ། སློབ་གསོ་དང་། ཚན་རྩལ། འཕྲོད་བསྟེན། སྲིད་ཁྲིམས་སོགས་ཀྱི་འཐབ་ཕྱོགས་ནས་ཡོང་བའང་ཡོད་ལ་རིམ་པ་ཁག་གི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན། ངལ་རྩོལ་དཔེ་བཟང་། དབུལ་སྐྱོར་ལས་བྱེད་པ་ཡང་ཡོད་པ། སྤྱི་ཚོགས་ཀྱི་བང་རིམ་གསར་པའི་མི་སྣ་དང་། ཞིང་པ་ལས་མི། མྱུར་སྐྱེལ་བུ་ཆུང་། དྲ་ཐོག་ཚོང་ཁང་གི་སྦྱིན་བདག་སོགས་ཀྱང་ཡོད། ཚང་མ་སྒྱུར་བཅོས་གོང་འཕེལ་དང་ཐོན་སྐྱེད་ཀྱི་འཐབ་ས་དང་པོར་གནས་ཡོད་ཅིང་། དཔལ་འབྱོར་སྤྱི་ཚོགས་དང་འཚོ་བ་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་དང་འབྲེལ་འདྲིས་ཆེ་བ། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དོན་འཁྱོལ་གྱི་ཕན་འབྲས་ཤེས་ཚོར་ཐུབ་པ་བཅས་ཡིན་པས། བཏོན་པའི་བསམ་འཆར་དང་གྲོས་འགོ་གཞི་རིམ་གྱི་དོན་དངོས་དང་དེ་བས་ཐག་ཉེ་བ་དང་མང་ཚོགས་ཀྱི་བསམ་འདུན་མཚོན་ཐུབ་ཀྱི་ཡོད། ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོར་འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཉིན་ཤས་གོང་། ང་ཚོས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་བཟོ་བར་དྲ་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བྱེད་སྒོ་སྤེལ་བ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་སྣང་བྱེད་ཚད་དང་དེའི་ནང་ཞུགས་ཚད་ཧ་ཅང་མཐོ་པོ་རེད་ལ་བསམ་འཆར་དང་གྲོས་འགོ་ཡང་མང་པོ་བཏོན་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་ནང་གནད་དོན་དེ་དག་ལ་ལན་ཆ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་། རང་རྒྱལ་གྱི་གོང་འཕེལ་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་གནས་རྒྱུ་ཡོད་མོད། འོན་ཀྱང་གོ་སྐབས་དང་འགྲན་རྩོད་ཚང་མར་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་འབྱུང་སྲིད། ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་ལ་དབྱེ་ཞིབ་དང་གོང་འཕེལ་འགྲོ་ཕྱོགས་ཁོང་དུ་ཆུད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་དང་། གོང་འཕེལ་གྱི་རྣམ་པ་བཟང་པོར་གཅེས་འཛིན། གོང་འཕེལ་གྱི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་གཏོང་བ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ལ་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་རྣམ་པ་གསར་པ་གང་མགྱོགས་ཆགས་པ་བྱེད་དགོས། དུས་ཡུན་རིང་པོའི་ནང་བྲེལ་ཉེན་དང་ལས་འགན། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ཀྱི་མདུན་དུ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ནམ་ཡང་བློ་གཅིག་སེམས་གཅིག་དང་། སེམས་ཤུགས་གཅིག་སྒྲིལ། ཞུམ་མེད་འབད་འཐབ་བཅས་བྱས་ནས་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་རྒྱལ་ཁ་ཐོབ་པ་ཚང་མ་མི་དམངས་ཀྱི་རྒྱལ་ཁ་ཡིན། མི་དམངས་ནི་དཔའ་བོ་ངོ་མ་དེ་ཡིན་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རང་རེའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཏང་ཞིག་ཡིན། སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་དོན་དུ་སྲིད་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་འབད་འཐབ་དམིགས་འབེན་དུ་འཛིན་དགོས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་འཕེལ་རྒྱས་ཇུས་འགོད་བྱེད་པར་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་དགོངས་པ་དོན་འཁྱོལ་བྱེད་པ་དང་། མི་དམངས་ཀྱི་ཆེད་དུ་གོང་འཕེལ་གཏོང་བ་དང་། གོང་འཕེལ་གྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་དམངས་འཚོའི་བྱ་གཞག་ཁག་ཡག་པོ་གཉེར་བ་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་གང་ཐུབ་བྱ་དགོས། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་དང་དོ་སྣང་བྱེད་པའི་དམངས་འཚོའི་གནད་དོན་ལ་སྔར་ལས་ལྷག་པར་དམིགས་པ་དང་། དེ་བས་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་དེ་དག་རེ་རེ་བཞིན་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་པ། ལོ་ནས་ལོ་བར་རྒྱུན་འཁྱོངས་ངང་ལས་དོན་སྒྲུབ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་བ་བཅས་སྔར་བས་འཐུས་ཚང་དང་། སྔར་བས་འགན་སྲུང་ལྡན་པ། སྔར་བས་རྒྱུན་མཐུད་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། རྨང་གཞི་བརྟན་པོ་མ་བྱུང་ན་གཡོ་འགུལ་ཆེན་པོ་ཐེབས་ངེས་ཡིན། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་སྲིད་དབང་སྲ་བརྟན་དུ་བཏང་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྨང་གཞི་གཞི་ནས་བརྟན་པོ་ཡོང་ཐུབ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། གཞི་རིམ་གྱི་རྨང་གཞིའི་ལས་ཀར་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བའི་ཐད་ལ་འབད་བརྩོན་སྔར་ལས་ཆེ་བ་བྱ་དགོས། ཏང་གིས་གྲོང་གསེབ་དང་གཞི་རིམ་གྱི་ལས་ཀར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་ཆེད་ཆབ་སྲིད་དང་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱ་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་དགོས་པ་དང་། དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་མིག་ཅན་གྱི་དོ་དམ་དང་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སྣ་མང་སྔོན་འགོག་དང་འདུམ་འགྲིག་འདུམ་གཅོད་བྱེད་པའི་ཕྱོགས་བསྡུས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འགལ་བ་གཞི་རིམ་ནས་ཐག་གཅོད་ཏན་ཏིག་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱ་རྒྱུ་དེ་མཐའ་སྣེ་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་ཞིག་རེད། མི་དམངས་མང་ཚོགས་ཀྱི་ཁྲོད་བློ་གྲོས་ཕུན་སུམ་ཚོགས་པོ་དང་གསར་གཏོད་བྱེད་ནུས་ཆེན་པོ་ཡོད། རྒྱ་ཆེའི་གཞི་རིམ་མང་ཚོགས་སྒྲིག་འཛུགས་དང་། སྐུལ་སློང་། གཅིག་འགྲིལ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་དང་སྔར་བས་འབྲེལ་འདྲིས་དམ་ཟབ་བྱ་དགོས། སྲིད་གྲོས་ཨུ་ཡོན་གྱིས་རང་གནས་སའི་ལས་རིགས་ཀྱི་མང་ཚོགས་གཞན་དག་ལ་འབྲེལ་གཏུག་དང་ཞབས་ཞུ་སྔར་ལས་ལེགས་པ་སྒྲུབ་དགོས་པ་དང་། གྲོང་གསེབ་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པས་སྔོན་ལ་ཕྱུག་པོ་ཆགས་པས་རྗེས་སུ་ཕྱུག་པོར་འགྱུར་བར་རོགས་རམ་བྱེད་པའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱ་དགོས། རྒྱ་ཆེའི་གཞི་རིམ་མང་ཚོགས་ལ་མཐུན་སྒྲིལ་བྱས་ཏེ་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གསར་སྐྲུན་བྱེད་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས་ཞེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་དེ་རིང་བར་འཕེལ་རྒྱས་བྱུང་བ་དང་། ཐོབ་པའི་གྲུབ་འབྲས་ནི་གནམ་ནས་ལྷུང་བ་མིན་ལ། གཞན་གྱིས་སྦྱིན་པ་བཏང་བ་ཞིག་ནི་དེ་བས་ཀྱང་མིན། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་འོག་ལས་ལ་བརྩོན་པ་དང་བློ་གྲོས། བློ་སྟོབས་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད། མི་འབོར་དུང་ཕྱུར ༡༤ ཡོད་པའི་ང་ཚོའི་རྒྱལ་ཁབ་འདི་འདྲ་ཞིག མི་རེ་རེས་སྟོབས་ཤུགས་རེ་བཏོན་ན་རི་སྒུལ་མཚོ་འཁྱོམ་གྱི་རྔམ་བརྗིད་ལྡན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པ་དང་། མི་རེ་རེས་ལས་དོན་རེ་སྒྲུབ་ཐུབ་པ་དང་། ལས་དོན་ཁག་ཡག་པོ་བསྒྲུབ་ཐུབ་ལ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔར་བས་གོང་འཕེལ་གཏོང་ཐུབ། ཚང་མ་གཞི་རིམ་དང་ཐོན་སྐྱེད་ཀྱི་འཐབ་ས་དང་པོ་ནས་ཡོང་བ་ཡིན་པས་ལས་རིགས་ཁག་གི་འཐུས་ཚབ་པ་ཤ་སྟག་ཡིན། ཚང་མས་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་། སློབ་སྦྱོང་དང་མཐོར་འདེགས་སྣང་ཆེན། དཀའ་སྤྱད་འབད་བརྩོན་བྱེད་པ། བྱ་བ་ཆུང་ཙག་ནས་འགོ་བརྩམས་ཏེ། དོན་ཆུང་དོན་ཆེན་དུ་བརྩིས་ནས་ཏན་ཏན་ཏིག་ཏིག་ངང་སྒྲུབ་པ་དང་། ལས་ལ་བརྩོན་པའི་ལག་གཉིས་པོར་བརྟེན་ནས་རང་ཉིད་ཀྱི་མི་ཚེའི་ངོ་མཚར་གཏོད་དེ་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་ཞེས་ནན་སྟོན་གནང་བ་རེད།
ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཁྲེན་ཞི། ཧོ་ལི་ཧྥེང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཧུའུ་ནན་ཞིང་ཆེན་གྱི་འགན་འཁུར་བློ་མཐུན། ལས་རིགས་ཁག་གི་གཞི་རིམ་འཐུས་མི་སོགས་ནས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་དམངས་གཉེར་དཔལ་འབྱོར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ། ཞི་ཅིན་ཕིང་ནས་འཇར་མན་དང་ཡོ་རོབ་མནའ་འབྲེལ་འགོ་ཁྲིད་དང་མཇལ་མོལ་གནང་། ཞི་ཅིན་ཕིང་གིས་ཚན་རིག་མཁས་པར་གནང་བའི་གསུངས་བཤད་ལ་ལན་ཆ་བཟང་པོ་བྱུང་བ། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་འགྲེལ་བཤད།