ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་སྐབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་སྐབས། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ལས་འགན་གསར་པ་དང་བླང་བྱ་གསར་པ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་གྲུབ་གཞི་གསར་པ་ཆགས་པ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་སྔར་ལས་མངོན་གསལ་ཆེ་བའི་གནས་སུ་འཇོག་པ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མིག་དཔེ་ཧུར་ཐག་འདོན་དགོས་པ། རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པའི་ཐད་མིག་དཔེ་ཧུར་ཐག་འདོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་སྔོན་ལ་མངོན་འགྱུར་ཡོང་བའི་ཐད་མདུན་གྲལ་དུ་བསྐྱོད་དགོས་ཞེས་ནན་སྟོན་གནང་ཡོད།
སྤྱི་ཟླ ༡༡ ཚེས ༡༢ ཉིན་ནས་ཚེས ༡༣ ཉིན་བར། ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལོའུ་ཆིན་ཅན་དང་ཞིང་ཆེན་གྱི་འགོ་འཛིན་ཝུའུ་ཀྲེང་ལུང་གི་ཕེབས་རོགས་འོག་ཞི་ཅིན་ཕིང་སྔ་རྗེས་སུ་ནན་ཐུང་དང་དབྱང་ཀྲོའུ་སོགས་སུ་ཕེབས་པ་དང་། འབྲི་ཆུ་དང་མི་ཐབས་གཙང་པོའི་འགྲམ་རྒྱུད་དང་། ཆུ་བེད་ལྟེ་གནས། རིག་དངོས་སྲུང་སྐྱོང་སྡེ་ཚན་སོགས་སུ་ཟབ་ཞུགས་གནང་སྟེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།
ནན་ཐུང་ནི་འབྲི་ཆུའི་མཚོ་ཁའི་བྱང་ཕྱོགས་སུ་གནས་ཤིང་། དེར་གཙང་པོ་དང་མཚོ་མོའི་འཛུལ་སྒོ་ཞེས་འབོད་སྲོལ་ཡོད། གྲོང་ཁུལ་ལྷོ་རྒྱུད་ཀྱི་པིན་ཅང་གཙང་པོའི་གཙང་ངོས་རྒྱ་ཆེ་བ་དང་། ཧོང་ཉི་ཧྲན་རི་བོ་དང་། མ་ཨན་ཧྲན། ལང་ཧྲན། ཅན་ཧྲན། ཅུན་ཧྲན་རི་བོ་སོགས་རི་བོ་ལྔ་གཙང་པོའི་འགྲམ་དུ་འགྱིང་ངེར་གནས་ཡོད། འབྲི་ཆུའི་འགྲམ་རྒྱུད་ཀྱི་སྤྱི་ལེ ༡༤ ནི་འབྲི་ཆུའི་ལྷོ་རྒྱུད་དུམ་བུའི་སྣོད་བཅུད་ལྟེ་བའི་ཁུལ་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆུ་འགོ་གལ་ཆེན་ཞིག་རེད།
སྤྱི་ཚེས ༡༢ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཝུའུ་ཧྲན་ས་ཁུལ་པིན་ཅང་ཁུལ་དུ་ཕེབས་པ་དང་། ཝུའུ་ཧྲན་ས་ཁུལ་དང་དེ་བཞིན་གཙང་པོ་རྒྱུག་ཁུལ་གྱི་སྣོད་བཅུད་སླར་གསོ་སྲུང་སྐྱོང་དང་འབྲི་ཆུའི་ཆུ་ཁོངས་སུ་ཉ་འཛིན་བཀག་སྡོམ་བྱེད་པ་སོགས་གནས་ཚུལ་སྐོར་གྱི་ངོ་སྤྲོད་གསན་པ་དང་ནན་ཐུང་གིས་སྣོད་བཅུད་ལྗང་མདོག་བར་ཁྱམས་བསྐྲུན་པའི་བྱ་ཐབས་ལ་ཁས་ལེན་གང་ལེགས་གནང་བ་རེད། དེ་རྗེས་ཞི་ཅིན་ཕིང་གིས་འབྲི་ཆུའི་འགྲམ་རྒྱུད་དུ་ཞབས་ཐང་ལ་པིན་ཅང་གི་སྣོད་བཅུད་ཁོར་ཡུག་ལ་གཟིགས་ཞིབ་གནང་ནས་ས་གནས་དེ་གའི་འབྲི་ཆུའི་སྨད་རྒྱུད་ཀྱི་མཚོ་རྒྱུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས་སྣོད་བཅུད་ཁོར་ཡུག་གི་མ་འཇོག་ནི་དོན་མེད་མ་འཇོག་དང་ཕན་འབྲས་མ་ཐོན་པ་ཞིག་མིན་པར་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་རང་བཞིན་དང་། འཐབ་ཇུས་རང་བཞིན་གྱི་མ་འཇོག་བཅས་རེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་གཏོང་བ། འཕེལ་རྒྱས་ཀྱི་བསམ་ཕྱོགས་ལེགས་འགྱུར་བཅས་བྱས་ཏེ། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བ་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་ཞིག་གཏོད་དགོས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ནན་སྟོན་གནང་བ་རེད།
གཙང་འགྲམ་དུ་སྤྲོ་གསེང་དང་འཆམ་འཆམ་བྱེད་བཞིན་པའི་གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ཚང་མར་གསུངས་དོན། ལོ ༤༠ ལྷག་ཙམ་གོང་ང་ཝུའུ་ཧྲན་ས་ཁུལ་དུ་སླེབས་མྱོང་བ་དང་། དེ་གའི་རྒྱ་ཆེ་བའི་གཙང་ངོས་ཀྱིས་ང་ལ་བག་ཆགས་ཟབ་པོ་བཞག་མྱོང་། ད་རེས་སླར་ཡང་ཡོང་དུས། བཅོས་སྐྱོང་བྱས་པ་བརྒྱུད། དེ་སྔ་བཙོག་ཟིང་ཞན་གསུམ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་མི་རྣམས་ཀྱིས་བརྗེད་པར་དཀའ་བའི་པིན་ཅང་སྣོད་བཅུད་སྤྱི་གླིང་ཞིག་ཏུ་གྱུར་ཡོད་པ་མཐོང་བྱུང་། གྲོང་ཁྱེར་འདི་ལྟ་བུར་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་ཚང་མའི་བདེ་སྐྱིད་ཡིན། བདེ་སྐྱིད་ནི་ཁྱེད་ཚོས་མཉམ་དུ་འབད་འཐབ་དང་། དཀའ་སྤྱད་ལས་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད་ཅེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས། གྲོང་ཁྱེར་ནི་དེང་རབས་ཅན་གྱི་གཞི་རྟེན་གལ་ཆེན་ཞིག་ཡིན་ལ་མི་འབོར་འདུས་ཚད་ཆེ་ཤོས་དང་སྦགས་བཙོག་ཕྱིར་འབུད་བྱེད་མང་ཤོས་ཀྱི་ས་ཆ་ཞིག་ཀྱང་རེད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་དགོས་ན། ངེས་པར་དུ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་སྔར་ལས་མངོན་གསལ་ཆེ་བའི་གནས་སུ་འཇོག་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཁྱེར་གྱི་ཐོན་སྐྱེད་བར་སྟོང་དང་། འཚོ་བའི་བར་སྟོང་། སྐྱེ་ཁམས་བར་སྟོང་བཅས་འཆར་འགོད་ལུགས་མཐུན་བྱ་དགོས། གྲོང་ཁྱེར་གྱི་ཐོན་སྐྱེད་འཚོ་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་དགོས་ལ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཀྱང་ཇེ་མཐོར་གཏོང་དགོས། མིག་སྔར། ཕྱི་རྒྱལ་དུ་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པ་དང་། རང་རྒྱལ་གྱི་ནད་ཡམས་ཕྱི་ནས་འགོ་རྒྱུ་སྔོན་འགོག་དང་ནང་ཁུལ་དུ་བསྐྱར་ལོག་རྒྱག་རྒྱུ་སྔོན་འགོག་བྱེད་པའི་ལས་དོན་ཐད་གནོན་ཤུགས་སྔར་བཞིན་ཧ་ཅང་ཆེན་པོ་ཡོད་པས་ཚང་མས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ཁག་མུ་མཐུད་དོན་འཁྱོལ་བྱས་ཏེ་རིམས་ནད་ཡང་ཡང་ཐོན་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
ཝུའུ་ཧྲན་ས་ཁུལ་པིན་ཅང་ཁུལ་ནས་ཁ་བྲལ་རྗེས་ཞི་ཅིན་ཕིང་ནན་ཐུང་དངོས་མང་གླིང་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཀྲང་ཅན་ནི་རང་རྒྱལ་ཉེ་རབས་ཀྱི་གྲགས་ཅན་ཁེ་ལས་པ་དང་སློབ་གསོ་མཁས་ཅན་ཞིག་ཡིན་པས། ཀྲུང་གོའི་ཉེ་རབས་ཀྱི་མི་རིགས་བཟོ་ལས་དར་རྒྱས་དང་། སློབ་གསོ་དང་སྤྱི་ཚོགས་སྤྱི་ཕན་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཁོང་གིས་གཉེར་བའི་ནན་ཐུང་དངོས་མང་གླིང་ནི་རང་རྒྱལ་གྱི་སྤྱི་པའི་རྟེན་རྫས་བཤམས་མཛོད་ཁང་དང་པོ་དེ་ཡིན་པ་དང་། ད་ཆ་ལོ་རྒྱུས་ཀྱི་རིག་དངོས་དང་། དམངས་སྲོལ་དངོས་རྫས། རང་བྱུང་དངོས་དཔེ་སོགས་རིགས་ཁག་གི་གསོག་ཉར་དངོས་རྫས་ཁྲི་5ལྷག་ཙམ་ཡོད། ཞི་ཅིན་ཕིང་གིས་དངོས་མང་གླིང་གི་ལོ་རྒྱུས་ཀྱི་བཟོ་བཀོད་ལ་གཟིགས་པ་དང་། ཀྲང་ཅན་གྱི་བཞུགས་གནས་རྙིང་པའི་བཤམས་སྟོན་ཁང་དུ་ཕེབས་ནས་ཀྲང་ཅན་གྱིས་ཁེ་ལས་གཉེར་བ་དང་། སློབ་གསོ་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་གཉེར་བ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ས་གནས་དེ་གའི་ཁེ་ལས་མཁས་ཅན་གྱི་རྒྱལ་གཅེས་བརྩེ་སེམས་དང་། སྤྱི་ཚོགས་ཀྱི་འགན་འཁྲི། འབད་འཐབ་ཀྱི་སྙིང་སྟོབས་སོགས་སྐྱེད་སྲིང་བྱས་ཚུལ་སྐོར་གྱི་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས་ང་རང་ད་ཐེངས་ཆེད་མངགས་ནན་ཐུང་དངོས་མང་གླིང་དུ་ཡོང་དོན་ནི་ཀྲང་ཅན་གྱིས་ཁེ་ལས་དང་། སློབ་གསོ། སྤྱི་ཚོགས་སྤྱི་ཕན་བྱ་གཞག་བཅས་གཉེར་བའི་གནས་ཚུལ་ཤེས་རྟོགས་བྱེད་ཆེད་ཡིན། སྐབས་དེ་དུས་ཀྱི་ནང་རྩོད་ཕྱི་འཁྲུག་གི་གནས་བབ་འོག ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་པའི་ཤེས་ཡོན་ཅན་ཞིག་ཡིན་པའི་ཀྲང་ཅན་གྱིས་རྗེས་ལུས་ཐེབས་ན་ཉེས་རྡུང་ཕོག་ངེས་ཡིན་པ་དང་། ཁེ་ལས་གཉེར་ན་ད་གཟོད་རྒྱལ་ཁབ་སྐྱོབ་ཐུབ་པའི་གནས་ལུགས་དེ་མཁྱེན་ནས། སྔོན་ཐོན་ལག་རྩལ་དང་གཉེར་སྐྱོང་འདུ་ཤེས་ནང་འདྲེན་ཧུར་ཐག་བྱས་ནས་དངོས་སྒྲུབ་རྒྱལ་དར་གྱི་འདུ་ཤེས་དར་སྤེལ་བཏང་བ་དང་། ཁེ་ལས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་རབ་དང་རིམ་པ་འཛུགས་གཉེར་བྱས་ཡོད། མང་ཚོགས་ལ་རོགས་རམ་དང་ཕ་ཡུལ་ལ་བདེ་སྐྱིད་བསྐྲུན་གནང་མཁན་ཁོང་ནི་རང་རྒྱལ་གྱི་མི་རིགས་ཁེ་ལས་མཁས་ཅན་གྱི་མིག་དཔེ་ཞིག་རེད། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་ཏང་དང་རྒྱལ་ཁབ་ཀྱིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་ཁེ་ལས་པ་འཚར་ལོངས་ཡོང་བར་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། དམངས་གཉེར་ཁེ་ལས་པ་ཕྱུག་འགྱུར་བྱུང་རྗེས། ཚང་མར་མིག་དཔེ་སྟོན་དགོས། ཁྱིམ་ཚང་དང་རྒྱལ་ཁབ་ལ་བརྩེ་སེམས་འཆང་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ནས་སྔོན་ལ་ཕྱུག་པོར་གྱུར་མཁན་གྱིས་རྗེས་སུ་ཕྱུག་པོར་འགྱུར་མཁན་ལ་རོགས་རམ་བྱེད་པའི་ནུས་པ་འདོན་སྤེལ་བྱ་དགོས། སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་གཉེར་བ་དང་དེའི་ནང་ཧུར་ཐག་ཞུགས་དགོས་པ། གསར་གཏོད་བྱེད་ཕོད་པ་དང་། འབད་འཐབ་ཧུར་ཐག རྩེར་སོན་བརྩོན་ལེན་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། ནན་ཐུང་དངོས་མང་གླིང་དང་ཀྲང་ཅིན་གྱི་བཞུགས་གནས་རྙིང་པ་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བརྩི་དགོས་པ་དང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་པ་དང་གཞོན་ནུ་ལོ་ཆུང་ལ་སློབ་གསོ་ཐེབས་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། གདེང་ཚོད་བཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
སྤྱི་ཚེས ༡༣ ཉིན་ཞི་ཅིན་ཕིང་དབྱང་ཀྲོའུ་རུ་རྟོག་ཞིབ་གནང་བར་ཕེབས་པ་རེད། གནའ་བོའི་མི་ཐབས་གཙང་པོ་དབྱང་ཀྲོའུ་དུམ་བུ་ནི་མིས་བཟོས་གཙང་པོ་ཧྲིལ་པོའི་ནང་གི་ཆེས་གནའ་བོའི་དུམ་བུ་ཞིག་ཡིན། དབྱང་ཀྲོའུ་ནི་ཀྲུང་གོའི་གནའ་བོའི་མིས་བཟོས་གཙང་པོའི་དེ་སྔའི་གནས་ཡུལ་གྲོང་ཁྱེར་ཞིག་ཡིན་ལ། འབྲི་ཆུའི་དཔལ་འབྱོར་ཁུལ་དང་མི་ཐབས་གཙང་པོ་ཆེན་པོའི་རིག་གནས་ཁུལ་འབྲེལ་མཚམས་ཀྱི་གྲོང་ཁྱེར་ཞིག་ཀྱང་རེད། མི་ཐབས་གཙང་པོ་སན་དབན་སྣོད་བཅུད་རིག་གནས་སྤྱི་གླིང་དུ་ཞི་ཅིན་ཕིང་གིས་མི་ཐབས་གཙང་པོ་ཆེན་པོའི་ལམ་རྒྱུད་ཀྱི་ཁོར་ཡུག་བཅོས་སྒྲིག་དང་། སྣོད་བཅུད་སླར་གསོ། དེང་རབས་མཚོ་ཐོག་སྐྱེལ་འདྲེན་དཔེ་སྟོན་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཉེ་བའི་ལོ་ཤས་རིང་། ཁྲིམས་འགལ་འཛུགས་སྐྲུན་གཙང་བཤེར་དང་ཆུ་རྒྱུད་ཆུ་ལམ་གཤོང་བ་སོགས་བཅོས་སྒྲིག་བྱས་པ་བརྒྱུད་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཞི་ཅིན་ཕིང་གིས་མི་ཐབས་གཙང་པོ་གསུམ་གྱི་འགྲམ་རྒྱུད་དུ་ཞབས་ཐང་ལ་ཕེབས་ནས་མི་ཐབས་གཙང་པོའི་སྣོད་བཅུད་བར་ཁྱམས་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་མི་ཐབས་གཙང་པོའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བེད་སྤྱོད་ལས་ཐོན་པའི་ཕན་འབྲས་ཤེས་རྟོགས་གནང་བ་རེད། ཁོང་གིས། མི་ཐབས་གཙང་པོ་ཆེན་པོའི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་རྒྱུ་དེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་རིམ་སྤོར་དང་། ལམ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྲགས་ཅན་སྲུང་སྐྱོང་སླར་གསོ། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། མི་ཐབས་གཙང་པོའི་ཆུ་ཐོག་སྐྱེལ་འདྲེན་ཕྱོགས་སྒྱུར་རིམ་སྤོར་བཅས་བྱ་རྒྱུ་དང་གཅིག་གྱུར་བྱས་ཏེ་མི་ཐབས་གཙང་པོ་ཆེན་པོའི་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་རྒྱུར་མཐུན་རྐྱེན་བསྐྲུན་དགོས་ཞེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས་གྲུ་ཁ་ནས་གྲོང་མི་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་། ཁོང་གིས་དབྱང་ཀྲོའུ་ནི་ས་ཆ་ཡག་པོ་ཞིག་རེད། ཆུ་དང་བསྟུན་ནས་འཛུགས་སྐྲུན་དང་། ཆུ་དང་བསྟུན་ནས་དར་བ། ཆུ་དང་བསྟུན་ནས་མཛེས་སྡུག་ལྡན་པ་བྱུང་བ་བཅས་ཡིན་པས་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གལ་ཆེན་ཞིག་ཡིན། ལོ་ངོ་སྟོང་ཕྲག་རིང་མི་ཐབས་གཙང་པོས་ངོགས་གཉིས་ཀྱི་གྲོང་ཁྱེར་དང་མི་དམངས་ཀྱིས་མི་ཐབས་གཙང་པོ་དེར་བརྟེན་ནས་འཚོ་གནས་བྱས་པ་བརྟེན། ཆུ་བོ་དེ་ནི་མི་དམངས་ཀྱི་ཕྱུག་འགྱུར་ཆུ་བོ་དང་བདེ་སྐྱིད་ཀྱི་ཆུ་བོ་ཞིག་རེད། ཚང་མས་ཐུན་མོང་ཐོག་མི་ཐབས་གཙང་པོ་ཆེན་པོར་སྲུང་སྐྱོང་ཡག་པོ་བྱས་ནས་མི་ཐབས་གཙང་པོ་དེས་ནམ་ཡང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་དང་འབྲེལ་བ་ཡོད་པ། གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུ་དང་འབྲེལ་བ་ཡོད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ་རྒྱ་ཆེའི་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དང་འབོད་སྒྲ་ཞིག་ཀྱང་རེད་ཞེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས། སྣོད་བཅུད་ཤེས་དཔལ་ནི་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་བདེ་སྐྱིད་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། མི་རབས་རྗེས་མ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུ་དང་འབྲེལ་བ་ཡོད་པས། ང་ཚོས་དེ་ཡག་པོ་སྒྲུབ་དགོས་ཞེས་བསྟན་གནང་ཡོད།
དེ་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཅང་ཏུའུ་ཆུ་བེད་ལྟེ་གནས་སུ་ཕེབས། ཅང་ཏུའུ་ཆུ་བེད་ལྟེ་གནས་ནི་ལྷོ་ཆུ་བྱང་འདྲེན་ཤར་ལམ་ལས་གྲྭའི་ཆུ་འགོ་ཡིན་ལ། མིག་སྔར་རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་གློག་ཤུགས་ཆུ་འདྲེན་ལས་གྲྭ་དང་། ཨེ་ཤེ་ཡའི་ཆུ་འཐེན་ས་ཚིགས་ཀྱི་ལྟེ་གནས་ཆེ་ཤོས་ཀྱང་རེད། ཅང་ཏུའུ་ཆུ་བེད་ལྟེ་བའི་འགྲེམ་སྟོན་ཁང་དུ་ཞི་ཅིན་ཕིང་གིས་ཕེབས་ཞོར་གཟིགས་ཞོར་དུ་ཆུ་བེད་ལྟེ་བའི་འཕེལ་རྒྱས་འཛུགས་སྐྲུན་གྱི་ལོ་རྒྱུས་དང་། ཆུ་འདྲེན་དང་། འཁྱིལ་ཆུ་ཕྱིར་འབུད། ཆུ་ལོག་ཕྱིར་འབུད། མཁའ་ལམ་ཤར་གཏོང་། སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས། བྱང་ཕྱོགས་སུ་ཆུ་དཀོན་པ་དང་ལྷོ་ཕྱོགས་སུ་ཆུ་འབེལ་བ་ནི་རང་རྒྱལ་གྱི་ཆུའི་ཐོན་ཁུངས་ཁྱབ་ཚུལ་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་རེད། ཏང་དང་རྒྱལ་ཁབ་ཀྱིས་ལྷོ་ཆུ་བྱང་འདྲེན་ལས་གྲྭ་འཛུགས་སྐྲུན་ལག་བསྟར་བྱེད་པའི་དམིགས་ཡུལ་ནི། ཆུའི་ཐོན་ཁུངས་ལ་ཚན་རིག་དང་མཐུན་པའི་སྙོམས་སྒྲིག་བྱས་ཏེ་ལྷོ་བྱང་དོ་མཉམ་ངང་འཕེལ་རྒྱས་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ཡིན། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་ལས་གྲྭའི་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པ་དང་། འཆར་འགོད་དང་འཛུགས་སྐྲུན་ཇུས་གཞི་འཐུས་ཚང་དུ་བཏང་ནས། ལྷོ་ཆུ་བྱང་འདྲེན་གྱི་ཤར་ལམ་ལས་གྲྭ་དེ་ཆུའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱེད་པ། གཙང་པོ་དང་མཚེའུ་ཡི་སྣོད་བཅུད་ཁོར་ཡུག་སླར་གསོ་བྱེད་པ། ལྷོ་བྱང་དཔལ་འབྱོར་འཁོར་རྒྱུག་གི་སྲོག་རྩ་ཤར་གཏོང་ཐུབ་པ་བཅས་ཀྱི་ལས་གྲྭ་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་བ་དང་། ཞི་ཅིན་ཕིང་ཆུ་འཐེན་ས་ཚིགས་བཞི་པར་ཕེབས་ནས་ཆུ་འཐེན་འཕྲུལ་འཁོར་འཁོར་སྐྱོད་ལ་གཟིགས་ཞིབ་གནང་བ་རེད། ལྟ་དཔྱད་ཚད་འཇལ་ལས་སྟེགས་སུ་ལས་དོན་མི་སྣས་ཁོང་ལ་ཆུ་དཔེ་བཏོན་པ་དང་ས་གནས་དེ་གའི་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཞི་ཅིན་ཕིང་གིས། ལྷོ་ཆུ་བྱང་འདྲེན་ལས་གྲྭ་ལག་བསྟར་བྱ་རྒྱུ་དེ་བྱང་ཕྱོགས་ས་ཁུལ་གྱི་ཆུ་གྲོན་ཆུང་དང་གཅིག་གྱུར་འཆར་འགོད་བྱེད་དགོས་པ་དང་། ཆུ་འདྲེན་དང་ཆུ་གྲོན་ཆུང་གཉིས་ཀ་དམ་འཛིན་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས། ཕྱོགས་གཅིག་ནས་བྱང་ཕྱོགས་སུ་ཆུ་འདྲེན་པའི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་བྱང་ཕྱོགས་ས་ཁུལ་གྱིས་དོན་དངོས་ལ་གཞིགས་ཏེ་ཆུ་ལ་བརྟེན་ནས་གྲོང་ཁྱེར་གཏན་འཁེལ་དང་ཆུ་ལ་བརྟེན་ནས་ལས་རིགས་གཏན་འཁེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཆུ་གྲོན་ཆུང་བྱེད་པ་ལས་གང་འདོད་དུ་ཆུ་སྤྱོད་ཚད་ཆེ་རུ་གཏོང་མི་རུང་ཞེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས་ད་དུང་འགྲེམས་ཁང་དུ་ཕེབས་ནས་ལྷོ་ཆུ་བྱང་འདྲེན་གྱི་ཤར་ལམ་ལས་གྲྭ་དང་ཅང་ཏུའུ་ཆུ་བེད་ལྟེ་བའི་ཆེད་དོན་གློག་བརྙན་ལ་གཟིགས་པ་དང་། ལྷོ་ཆུ་བྱང་འདྲེན་གྱི་ཤར་ལམ་ལས་གྲྭ་འཛུགས་སྐྲུན་བྱེད་ཚུལ་གྱི་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་ལས་གྲྭར་ཐོབ་པའི་གྲུབ་འབྲས་གལ་ཆེན་དེ་འཛུགས་སྐྲུན་པ་ཁྲི་བཅུ་ཕྲག་ཁ་ཤས་ཀྱིས་ཡུན་རིང་དཀའ་སྤྱད་ངལ་རྩོལ་བྱས་པ་དང་ཁ་བྲལ་ཐབས་མེད་པ་དང་ལམ་རྒྱུད་ཀྱི་གནས་སྤོས་ཡུལ་མི་ཁྲི ༤༠ ཡིས་ལེགས་སྐྱེས་ཆེན་པོ་ཕུལ་བ་དང་ཁ་བྲལ་ཐབས་མེད། ཆུ་བེད་ལྟེ་གནས་སྒྲིག་བཀོད་ཆེ་གྲས་དང་ཅང་ཏུའུ་ཆུ་བེད་ལྟེ་གནས་འགྲེམས་སྟོན་ཁང་ལ་བརྟེན་ནས། རྒྱལ་ཁབ་ཀྱི་གནས་ཚུལ་དང་ཆུའི་གནས་ཚུལ་སྐོར་གྱི་སློབ་གསོ་ཧུར་ཐག་སྤེལ་དགོས་པ་དང་། ལས་བྱེད་པ་དང་མང་ཚོགས་སྤྱི་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་ཆུའི་ཐོན་ཁུངས་གྲོན་ཆུང་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་བསམ་བློའི་འདུ་ཤེས་དང་བྱ་སྤྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བར་ཁྲིད་སྟོན་བྱ་དགོས། ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གནོད་མེད་ཅན་དུ་བསྒྱུར་བར་སྐུལ་འདེད་མགྱོགས་སུ་གཏོང་དགོས་ཞེས་བསྟན་གནང་བ་རེད།
ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཁྲེན་ཞི། ཧོ་ལི་ཧྥུང་། ཀྲུང་དབྱང་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ། ཞི་ཅིན་ཕིང་གིས་སྒོ་ཀུན་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ། ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ་སུམ་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་པར་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ།