སྤྱི་ལོ ༢༠༡༦ ལོའི་ཟླ ༡ པོར་ཁྲུང་ཆིང་དུ་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་སྲུང་སྐྱོང་ཆེན་མོར་མཉམ་དུ་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པ་ཞེས་པའི་འདུ་ཤེས་དེ་མི་སེམས་ལ་གཏིང་ཟབ་ཟུག་ཡོད། སྤྱི་ཟླ ༡༡ པའི་ཚེས ༡༤ ཉིན་འཚོགས་པའི་འབྲི་ཆུའི་དཔལ་འབྱོར་རྒྱུད་གོང་འཕེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་འབྱུང་ཁམས་ཁོར་ཡུག་མ་ལག་སྲུང་སྐྱོབ་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་ནན་སྟོན་གནང་ཡོད། ཁོང་གིས། འབྲི་ཆུའི་འབྱུང་ཁམས་ཁོར་ཡུག་ཉམས་གསོ་བྱ་རྒྱུ་དེ་གནས་བབ་གལ་ཆེ་ཤོས་ཐོག་བཞག་སྟེ། ཕྱོགས་བསྡུས་བཅོས་སྐྱོང་མ་ལག་གསར་པ་གཏོད་དགོས་ཞེས་གསུངས་གནང་ཡོད།
གཙང་པོ་དང་རྒྱ་མཚོ་འབྲེལ་བའི་ཅང་སུའུ་ལ་སྤྱི་ལེ ༡༠༠༠ ལྷག་ཙམ་གྱི་འབྲི་ཆུའི་འགྲམ་རྒྱུད་ཡོད། ཉེ་བའི་ལོ་ཤས་རིང་། ཅང་སུའུ་ཡིས་འབྲི་ཆུའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཉམས་གསོའི་ལས་དོན་ལ་མཐོང་ཆེན་པོ་བྱས་ཏེ། ལྕི་བའི་རྫས་གྱུར་བཟོ་ལས་ཀྱིས་འབྲི་ཆུ་བསྐོར་བའི་འཕར་སྣོན་རྒྱུད་ཆེན་པོ་དེ་སྦགས་མེད་གོང་འཕེལ་གྱི་འབྱུང་ཁམས་བར་ཁྱམས་དང་འབྱུང་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ཐོན་འབབ་མང་བའི་ཚོད་ལྟའི་ཞིང་ལ་བསྒྱུར་ཡོད། འདས་ཟིན་པའི་ལོ་ལྔའི་ནང་། ཅང་སུའུ་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་བདུན་ཁྲི་ནས་སྒོར་དུང་ཕྱུར་ཆིག་འབུམ་རིམ་པར་འཕར་བ་དང་ཆབས་ཅིག་འབྲི་ཆུའི་ཅང་སུའུ་དུམ་བུའི་ཁོར་ཡུག་གི་དམིགས་ཚད་གཙོ་བོ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ཚུན་གྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད།
ནན་ཐུང་ལང་ཧྲན་ཆུ་བཟོ་གྲྭའི་ཆུ་འགོའི་ཆུའི་སྤུས་ཚད་ཀྱི་སྐབས་འཕྲལ་ཞིབ་དཔྱད་ཚད་ལེན་བྱེད་པའི་གྲངས་གཞི་ནི་གཙོ་བོ་PHདང་བཞུ་བྱེད་དབྱང་སོགས་སྦགས་བཙོག་དམིགས་ཚད་གཙོ་བོ་ཁག་གཅིག་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་ཡིན། ཅང་སུའུ་ཞིང་ཆེན་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་བརྙན་མཐོང་ཆེན་མོའི་ངོས་སུ། མཐོ་རིམ་བཟོ་སྐྲུན་དབུ་ཆེན་ཀྲང་རའན་གྱིས་གསར་འགོད་པར་འབྲི་ཆུ་རྒྱ་མཚོའི་ནང་མ་རྒྱུག་གོང་གི་མཐའ་མའི་ཆུའི་སྤུས་ཚད་ལྟ་ཞིབ་བྱེད་ས་གཙོ་བོ་སྟེ། ནན་ཐུང་ལང་ཧྲན་ཆུ་བཟོ་གྲྭའི་གྲངས་གཞིའི་འགྱུར་བའི་འཕེལ་ཕྱོགས་རི་མོ་བསྟན་ཡོད། ཀྲང་རའན་གྱིས། གྲངས་གཞིར་བལྟས་ཚེ། ཆུའི་སྤུས་ཚད་ཐོག་མཐའ་བར་གསུམ་དུ་ས་ངོས་ཆུའི་རིམ་པ་གཉིས་པའི་ཚད་ལ་སླེབས་ཡོད། དེ་ནི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ཀྱི་བླང་བྱ་དང་ཡོངས་སུ་མཐུན་ཡོད་པས། ཆུའི་སྤུས་ཚད་དེའི་འོག་འབྲི་ཆུའི་ནང་ཆུ་རྐྱལ་རྒྱག་ཀྱང་གནད་དོན་མེད་ཅེས་བཤད་ཆོག ང་ཚོའི་འབྲི་ཆུའི་མཇུག་སྣེའི་བཅད་ཁའི་ཆུའི་སྤུས་ཚད་ཡག་པོ་ཡོད་པ་ལས་ལམ་ཐིག་ཧྲིལ་པོའི་ཆུའི་སྤུས་ཚད་རྒྱུན་མཐུད་ལེགས་བཅོས་ཡོང་གི་ཡོད་པ་གསལ་བཤད་བྱས་ཡོད་ཅེས་བརྗོད་ཡོད་པ་རེད།
འབྲི་ཆུའི་ཅང་སུའུ་ཡི་དུམ་མཚམས་ལ་སྤྱི་ལེ ༤༤༣ ཟིན་པ་དང་། འགྲམ་རྒྱུད་ལ་སྤྱི་ལེ ༡༠༠༠ ལྷག་ཙམ་ཟིན་པ། འགྲམ་ངོགས་གཉིས་སུ་ཅང་སུའུ་ཞིང་ཆེན་ཡོངས་ཀྱི་ལྕི་བའི་རྫས་འགྱུར་ཐོན་ནུས་ཀྱི་གསུམ་ཆ་གཉིས་དང་། ལྕགས་དང་ངར་ལྕགས་ཐོན་ནུས་ཀྱི་བརྒྱ་ཆ ༧༠ ། འབར་རྒྱུའི་འཕྲུལ་འཁོར་སྡེ་པའི་བརྒྱ་ཆ ༧༤ ཡོད་པས། ཚན་པའི་རྒྱ་ཁྱོན་གྱི་སྦགས་བཙོག་དངོས་པོ་གཙོ་བོའི་འབུད་བཤངས་ཀྱི་སྤྱི་འབོར་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཞེ་དྲགས་ཀྱིས་མཐོ་བ་ཡོད། ལོ་མང་རིང་གསར་སྤེལ་ཤུགས་ཆེན་རྒྱུན་མཐུད་ནས་བྱས་པ་དེས་འབྲི་ཆུར་གནོད་འཚེ་བཟོས་ཡོད། ཅང་སུའུ་ཞིང་ཆེན་འབྱུང་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཁྲེན་ཀྲེ་ཕེང་གིས། ཅང་སུའུ་ཡིས་སེམས་ཐག་གཙང་བཅད་ཀྱིས་སྔོན་ལ་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མ་མཐའི་ཚད་ཐིག ཐོན་ཁུངས་བཀོལ་སྤྱོད་ཀྱི་ཚད་གཞི་མཐོ་ཤོས་བཅས་ཁ་གསལ་བཟོས་པ་དང་། འབྱུང་ཁམས་ཁོར་ཡུག་གི་ཞུགས་འཐུས་གསལ་ཐོ་སོགས་ལམ་ཐིག་གསུམ་དང་གསལ་ཐོ་གཅིག་སྒྲིག་བཟོ་བྱས་ཡོད་ཅེས་གསུངས་ཡོད།
སྤྱི་ལོ ༢༠༡༨ ལོའི་ཚུན་དུ། ཅང་སུའུ་ཡིས་འབྲི་ཆུའི་ཆུ་ནང་དུ་འཛུལ་སའི་བཙོག་ཆུ་འབུད་བཤངས་བྱེད་ས་ཆིག་ཁྲི་བདུན་སྟོང་ལྷག་གི་གཞི་གྲངས་ཞིབ་བཤེར་གསལ་རྟོགས་བྱས་པ་དང་། རིགས་དབྱེ་ནས་བཅོས་སྒྲིག་བྱས་པ། འབྲི་ཆུའི་འགྲམ་རྒྱུད་ཀྱི་རྫས་འགྱུར་ལས་སྣོན་ཁེ་ལས ༣༥༠༠ ཙམ་སྒོ་བརྒྱབ་པའམ་ལས་མཚམས་བཞག་པ། ལྗང་འགྱུར་སླར་གསོ་བྱེད་ཚད་མུའུ ༨༥༩༢ ཟིན་ཡོད། སྦགས་བཙོག་དངོས་པོ་བཅོས་སྐྱོང་གི་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ། ཁེ་ལས་འབྲིང་ཆུང་ཆིག་ཁྲི་ལྔ་སྟོང་གི་འབུད་བཤངས་ཚད་ལོན་རྒྱུར་རོགས་རམ་བྱས་ཡོད། ཅང་སུའུ་ཞིང་ཆེན་འབྱུང་ཁམས་ཁོར་ཡུག་ཐིང་གི་འགོ་འཛིན་ཝང་ཐན་ཆི་ཡིས། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་དང་། ཁོར་ཡུག་དཔལ་འབྱོར་སྲིད་ཇུས་ཀྱི་སྙོམས་སྒྲིག་ཚོད་འཛིན་གྱི་ཆུ་ཚད། ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ཆུ་ཚད་བཅས་གསར་གཏོད་དང་མཐོར་གཏོང་བྱེད་པ་དང་། ཕྱོགས་བསྡུས་བྱ་ཐབས་ལག་ལེན་བསྟར་ནས། ཁྲོམ་རའི་གཙོ་གཟུགས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་སྦགས་བཙོག་བཅོས་སྐྱོང་མ་གནས་དམའ་རུ་བཏང་ཡོད་ཅེས་བསྟན་ཡོད་པ་རེད།
དེ་དང་དུས་མཚུངས། ཅང་སུའུ་ཡིས་ད་དུང་བཅོས་སྐྱོང་གསར་པ་མང་པོ་ཞིག་སྐྱེད་སྲིང་བྱས་ཡོད་པ་སྟེ། སྦགས་བཙོག་དངོས་པོ་འབུད་བཤངས་བྱེད་པའི་སྤྱི་འབོར་དང་འབྲེལ་བ་བྱེད་པའི་ནོར་སྲིད་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་བ་དང་། འབྱུང་ཁམས་ཁོར་ཡུག་གནོད་འཚེའི་གྱོང་གསབ་ལམ་ལུགས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ཡོད། ཡང་ཙེ་ཅང་འབྱུང་ཁམས་ཤེས་དཔལ་གསར་གཏོད་ལྟེ་གནས་བཙུགས་ནས། ལྕི་བའི་རྫས་འགྱུར་ལས་སྣོན་བཟོ་གྲྭས་འབྲི་ཆུ་སྐོར་བ་དང་། འབྲི་ཆུའི་འབྱུང་ཁམས་སླར་གསོ། སྦགས་མེད་ཐོན་ལས་གོང་འཕེལ་སོགས་འགག་རྩའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད། ལྟེ་གནས་དེའི་ཀྲུའུ་རེན་གཞོན་པ་ལི་ཨའེ་མིན་གྱིས། འབྲི་ཆུའི་སྟོད་སྨད་དབུས་གསུམ་རྒྱུད་ཀྱི་ཚན་པ ༣༦ གིས་མཐུན་སྦྱོར་མཉམ་འགུལ་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཆུའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ལྟེ་གནས་འཛུགས་རྒྱུའི་རེ་ཞུ་ཧུར་ཐག་བྱས་པ་དང་། ཚན་རྩལ་སྟོབས་ཆེར་འགྱུར་བ་ནས་ཐོན་ལས་སྟོབས་ཆེར་འགྱུར་བའི་ལམ་བུ་གཏོད་དེ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་མཐོའི་གོང་འཕེལ་ལ་ལམ་ལུགས་མཁོ་སྤྲོད་དང་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་ཅེས་བསྟན་ཡོད་པ་རེད།
ཡང་ཀྲོའུ་ནི་འབྲི་ཆུ་དང་ཏ་ཡུན་ཧོ་གཙང་པོ། ཧོའེ་ཧོ་ཆུ་བོ་བཅས་འདུས་ས་ཞིག་ཡིན། འབྲི་ཆུའི་འབྱུང་ཁམས་སླར་གསོ་དང་འབྲི་ཆུར་ལོ་བཅུ་ཉ་འཛིན་མི་ཆོག་པའི་ཕན་འབྲས་བརྟན་དུ་གཏོང་ཆེད། ད་ལོའི་སྤྱི་ཟླ ༡༠ པའི་ཚེས ༢༨ ཉིན། ཀའོ་ཡའུ་ལིང་ཐང་ཧུའེ་རིགས་ཤང་གི་ཉ་པའི་ཁྱིམ་ཚང་ ༦༣ ཚང་མས་གྲོས་མཐུན་ལ་མིང་རྟགས་བཀོད་ནས། ཉ་གྲུ ༢༤༥ དང་ཉ་འཛིན་དྲ་བ་ཡོད་ཚད་ཕྱིར་བསྡུ་རྒྱུའི་མོས་མཐུན་བྱས་པས། ཉ་འཛིན་བཀག་སྡོམ་བྱ་རྒྱུ་བརྒྱ་ཆ ༡༠༠ ལེགས་གྲུབ་བྱུང་ཡོད།
མིག་སྔར། ཅང་སུའུ་ཡི་ཁོར་ཡུག་སྟོན་གྲངས་དེ་ཆ་སྙོམས་ཐོག་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ཚུན་གྱི་དུས་མཚུངས་ཀྱི་ཡག་ཤོས་སུ་སླེབས་ཡོད། འབྲི་ཆུའི་གཞུང་རྒྱུན་གྱི་བཅད་ངོས་བཅུ་ཚང་མ་རིམ་པ་གཉིས་པར་གཏོགས་པ་དང་། འབྲི་ཆུར་འབབ་པའི་ཡན་ལག་ཆུ་བོའི་ཚོད་འཛིན་བཅད་ངོས་རིམ་པ་གསུམ་པར་སླེབས་ཚད་བརྒྱ་ཆ ༩༧.༨ ཟིན་ནས་སྤྱི་ལོ ༢༠༡༩ ལོའི་དུས་མཚུངས་ལས་བརྒྱ་ཆའི་གནས ༨.༩ འཕར་ཡོད་པས། སླར་གསོ་འབྱུང་བཞིན་པའི་འབྲི་ཆུར་སྐྱེས་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ད་ལོའི་སྟོན་ཁར། འབྲི་ཆུའི་ནན་ཅིང་དུམ་མཚམས་སུ་མཚོ་ཕག་ཐོན་ཚད་མངོན་གསལ་དོད་པོས་མང་དུ་སོང་བ་མ་ཟད། ད་དུང་དེ་སྔ་མཐོང་དཀོན་པའི་མཚོ་ཕག་མ་བུ་མཉམ་དུ་ཡོད་པའི་རྣམ་པ་ཐོན་ཡོད། ནན་ཅིང་གྲོང་ཁྱེར་མཚོ་ཕག་མཐུན་ཚོགས་ཀྱི་དྲུང་ཆེ་ཅང་མོང་གིས། འདི་ནི་འབྲི་ཆུའི་འབྱུང་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པའི་མཚོན་རྟགས་གལ་ཆེན་ཞིག་རེད་ཅེས་གསུངས་ཡོད།
སྤྱི་ཟླ ༡༡ པའི་ཚེས ༡༤ ཉིན་འཚོགས་པའི་སྒོ་ཀུན་ནས་འབྲི་ཆུའི་དཔལ་འབྱོར་རྒྱུད་གོང་འཕེལ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བློ་བརྟན་འགྱུར་མེད་ངང་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་བཏང་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཉིད་རང་རྒྱལ་གྱི་འབྱུང་ཁམས་སྔོན་ལ་འཇོག་པའི་སྦགས་མེད་གོང་འཕེལ་གྱི་འཐབ་ས་གཙོ་བོ་དང་། རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་ཆེན་པོ་གཉིས་ཤར་བགྲོད་ཐུབ་པའི་འཕར་རྩ་གཙོ་བོ། དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྣེ་ཁྲིད་བྱེད་པའི་གཙོ་ཤུགས་དམག་བཅས་སུ་འགྱུར་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད། ཅང་སུའུ་ཞིང་ཆེན་འབྱུང་ཁམས་ཁོར་ཡུག་ཐིང་གི་འགོ་འཛིན་ཝང་ཐན་ཆི་ཡིས། ང་ཚོས་མིག་དཔེ་བརྩོན་ལེན་དང་། དཔེ་སྟོན་བརྩོན་ལེན། མདུན་གྲལ་དུ་སྐྱོད་པ་བཅས་ཀྱི་རེ་བ་ལྟར། གོང་འཕེལ་གྱི་འདུ་ཤེས་གསར་པ་བརྟན་འཛུགས་དང་། འབྱུང་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་གོང་འཕེལ་རྒྱུན་འཁྱོངས་བྱེད་པ། འགོ་ཁུངས་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་འབུར་དུ་ཐོན་པ་བྱེད་པ། འབྱུང་ཁམས་ཁོར་ཡུག་བཅོས་སྒྲིག་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། གཟེར་འདེབས་སྙིང་སྟོབས་ཐོག་ནས་རང་ཞིང་ཆེན་གྱི་འབྲི་ཆུ་སྲུང་སྐྱོབ་དང་སྦགས་མེད་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོའི་ཅང་སུའུ་ཡི་མ་དཔེ་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་རང་དམག་གི་དམག་དོན་སྦྱོང་བརྡར་ཐད་འདི་འདྲ་གསུངས་པ། ཞི་ཅིན་ཕིང་གིས་གཟེངས་བསྟོད་ཚོཊ་ཆེན་འདིར་གསུང་བཤད་གལ་ཆེན་གནང་འདུག ཞི་ཅིན་ཕིང་གིས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་དང་དྲ་སྦྲེལ་གོང་འཕེལ་གླེང་སྟེགས་ལ་ཤིས་འཕྲིན་བསྐུར་བ། ཞི་ཅིན་ཕིང་ནས་འགོ་ཁྲིད་པའི་དབུ་ཚོཊ་ཀྱི་གྲོས་ཚོཊ་འདིར་ཞུཊ་གནང་འདུག