དམག་ཡོངས་ཀྱི་དཔུང་སྡེ་ཁག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་ཇུས་མཛུབ་སྟོན་ལག་ལེན་མཐར་ཕྱིན་པ་བསྟར་ཏེ། དམག་གྲབས་དམག་རྒྱག་ཐད་གཅིག་སྡུད་བྱས་ནས་ལོ་འཁོར་གསར་པའི་སྦྱོང་བརྡར་གྱི་ཚ་རླབས་ཤིག་འཕྱུར་བ།
སྤྱི་ཟླ ༡ ཚེས ༤ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི་སྤྱི་ལོ ༢༠༢༡ ལོའི་བཀའ་རྒྱ་ཨང་དང་པོར་མཚན་བཀོད་གནང་ནས། དམག་ཡོངས་ལ་སྦྱོང་བརྡར་བྱ་རྒྱུའི་བཀའ་རྒྱ་ཁྱབ་བསྒྲགས་མཛད་ཡོད། དམག་ཡོངས་ཀྱི་དཔོན་དམག་ཚོས་བཀའ་རྒྱ་ལྟར་བྱ་སྤྱོད་སྤེལ་བཞིན་ཡོད་པ་དང་། མྱུར་དུ་དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད། དཔོན་དམག་ཚོས་མགྲིན་དབྱངས་གཅིག་གྱུར་ཐོག་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་ཇུས་མཛུབ་སྟོན་ལག་བསྟར་མཐར་ཕྱིན་བྱེད་པ་དང་། དངོས་འཐབ་སྦྱོང་བརྡར་དང་། མཉམ་འཐབ་མཉམ་སྦྱོང་། ཚན་རྩལ་ལ་བརྟེན་ནས་སྦྱོང་བརྡར་ཤུགས་ཆེར་གཏོང་བ། ཁྲིམས་ལྟར་སྦྱོང་བརྡར་ལ་བཅོས་སྒྲིག་བྱེད་པ་བཅས་ཀྱི་ཐོག་ནས། སྦྱོང་བརྡར་གྱི་དངོས་འཐབ་ཅན་གྱི་ཆུ་ཚད་དང་རྒྱལ་ཁ་ལེན་པའི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད།
དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས ༢༠ ཟིན་པའི་སའེ་པེ་སྦྱོང་བརྡར་ར་བ་ག་གེ་མོར། སྐམ་དམག་ཚོགས་པའི་དམག་སྡེ ༨༡ པའི་ལུའི་ཤོག་ག་གེ་མོའི་དཔོན་དམག་སྟོང་ཕྲག་ཁ་ཤས་ཀྱིས་བཀའ་རྒྱ་ལྟར་གྲ་སྒྲིག་ཨང་གསར་བྱས་ནས་བསྡད་ཡོད། ལུའི་ཤོག་དེས་བཀོད་འདོམས་ཁང་གི་སྦྱོང་བརྡར་དང་། རྨང་གཞིའི་རྣམ་གྲངས་དཔྱད་ཞིབ་བྱས་པ་བརྒྱུད་ལོ་གསར་པའི་སྦྱོང་བརྡར་ཐེངས་དང་པོ་བྱ་འགོ་བཙུགས་ཡོད།
སྐམ་དམག་བསྲེས་གྲུབ་ལུའི་ཤོག་ག་གེ་མོས་རྒྱ་མཚོ་བརྒལ་ནས་གླིང་ཕྲན་དུ་བསྐྱོད་དེ་དམག་འཐབ་བྱེད་པའི་སྐམ་མཚོ་གཉིས་ཀྱི་ཕར་རྒོལ་རང་བཞིན་འགྲན་བསྡུར་ཐེངས་གཅིག་བྱས་ཡོད། ལུའི་ཤོག་དེའི་དྲག་ཇུས་དཔོན་གཞོན་པ་ཡང་ཅའོ་ཡིས། ད་རེས་འགྲན་བསྡུར་ནང་། འགོག་རྐྱེན་བཀོད་སྒྲིག་བྱས་པ་དང་། ངེས་མེད་དུ་དམག་འཐབ་བྱེད་པའི་ས་ཡུལ་དངོས་ལ་ལྟ་ཞིབ་བྱས་ཡོད། དེའི་དམིགས་ཡུལ་ནི་འགྲན་བསྡུར་ནང་ཞུགས་མཁན་ཚོས་དམག་འཐབ་དངོས་སུ་བྱས་པའི་མྱོང་བ་ཞིག་ཡོང་ཆེད་རེད་ཅེས་གསུངས་ཡོད།
ལྷོ་རྒྱ་མཚོའི་མཚོ་ཁོངས་ག་གེ་མོར། མཚོ་དམག་འགོག་སྐྱོབ་ཡན་ལག་རུ་ཁག་ག་གེ་མོས་ཆུར་འཛུལ་བ་ཆ་རྒྱུས་མེད་པའི་མཚོ་ཁོངས་སུ་འཁྲིད་དེ། རྒྱ་མཚོའི་གཏིང་གི་རྙོག་འཛིང་ཆེ་བའི་ས་དབྱིབས་ལ་བརྟེན་ནས་རྣམ་གྲངས་མང་བའི་སྦྱོང་བརྡར་བྱས་ནས། ཆུར་འཛུལ་བ་ཚོའི་འཐབ་རྩལ་གྱི་ཆུ་ཚད་ལ་སྦྱོང་བརྡར་སྤྲས་ཡོད།
དམག་དོན་བཀའ་རྒྱ་ནན་པ་དང་། རྡུང་བརྡ་བཏང་ནས་རྒྱང་སྐྱོད་བྱེད་པར་སྐུལ། ལྷོ་རྒྱུད་འཐབ་ཁུལ་མཁའ་དམག་མཁའ་སྐྱོད་དམག་གི་ལུས་ཤོག་ག་གེ་མོས་ལོ་འཁོར་གསར་པའི་འཕུར་སྐྱོད་ཐེངས་དང་པོ་བྱས་ཡོད། འཕུར་སྐྱོད་བ་ཡང་ཁྲུང་དེས། ཁོང་ཚོས་སྟབས་བསྟུན་ལན་ཆའི་ནུས་པར་སྦྱོང་བརྡར་བྱས་ནས། མཁའ་འཐབ་སྐབས་སྤྱོད་དང་། ཁ་གཏད་སྦྱོང་བརྡར་སོགས་པའི་ཚན་ཁག་མང་པོ་ལེགས་གྲུབ་བྱས་ཡོད་ཅེས་གསུངས་ཡོད།
ས་མཐོའི་མྱ་ངམ་ཐང་གི་སྦྱོང་བརྡར་ར་བ་ག་གེ་མོར། མེ་ཤུགས་འཕུར་མདའི་དམག་གི་ལུས་ཤོག་ག་གེ་མོས་རྒྱུ་རྐྱེན་སྣ་ཚོགས་འཛོམས་པའི་སྦྱོང་བརྡར་ཛ་དྲག་ངང་བྱེད་བཞིན་ཡོད། དམག་འཐབ་སྦྱོང་བརྡར་ཁོའོ་ཡི་འགོ་འཛིན་ཀྲང་དེ་ཡིས། ཁོང་ཚོས་དཔུང་སྡེ་དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས ༢༠ འོག་གི་ནུབ་བྱང་ས་མཐོར་སྦྱོང་བརྡར་བྱེད་པར་ཐེངས་དང་པོ་འཁྲིད་ཡོད་ཅེས་གསུངས་ཡོད།
རང་དམག་གི་འགོག་སྲུང་ལས་གྲྭའི་སྲུང་སྐྱོབ་དོ་དམ་ལ་བཀོད་འདོམས་བྱེད་མཁན་ཆེད་ལས་ཅན་གྱི་དཔུང་སྡེ་ཡིན་པའི་ངོས་ནས། ལས་གྲྭའི་སྲུང་སྐྱོང་རུ་ཆེན་ག་གེ་མོས་ཆེད་ལས་བྱ་སྤྱོད་ནང་སྦྱོང་རབ་དང་རིམ་པ་བཀོད་སྒྲིག་བྱས་ཡོད། རུ་ཆེན་གྱི་རུ་དཔོན་ཧྲེ་ཕའེ་ལུང་གིས། ང་ཚོས་མཐའ་ཚད་ཆ་རྐྱེན་འོག་གི་ལས་གྲྭའི་འཐབ་རྩལ་ནུས་པར་དཔྱད་དཔོག་བྱས་ཡོད། ལས་གྲྭ་མྱུར་བཟོ་མྱུར་སྐྲུན་བྱེད་པ་དང་། དེ་བཞིན་མི་སྣ་འདུ་འཛོམས་ཆེ་སའི་ཁོར་ཡུག་ནང་གི་གནོན་ཤུགས་འགོག་པའི་ནུས་པར་བརྟག་ཞིབ་བྱས་ནས། ལས་གྲྭའི་དམག་འཐབ་བེད་སྤྱོད་ཕྱོགས་བསྡུས་འགན་སྲུང་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད་ཅེས་གསུངས་ཡོད།
དམག་འཁོར་རུ་སྟར་བསྒྲིགས། ཟིལ་རྔམས་རབ་ཏུ་ཕྱུག དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔུང་སྡེ་ཁག་གིས་རང་སོའི་འགན་འཁྲིའི་ཁྱད་ཆོས་ནན་དུ་སྲུང་ནས། ཚ་ཁ་བལྟ་བ་དང་། འཐབ་རྩལ། དམར་འཛིང་། འཕྲལ་རྐྱེན་ཐག་གཅོད་སོགས་ཀྱི་སྦྱོང་བརྡར་སྔ་རྗེས་སུ་སྤེལ་བ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་ཤིན་ཅང་སྤྱི་ཁྱབ་རུ་ཁག་གི་དམིགས་བསལ་དམག་འཐབ་རུ་ཁག་ག་གེ་མོས་ཕ་སྨིར་ས་མཐོར་ལོ་གསར་པའི་དམག་དོན་སྦྱོང་བརྡར་བྱ་འགོ་ཚུགས་ཡོད།
ཧྲན་ཏུང་ཅི་ནན་གི་སྦྱོང་བརྡར་ར་བ་ག་གེ་མོར། དྲག་ཆས་ཉེན་རྟོག་དཔུང་སྡེའི་ཧྲན་ཏུང་སྤྱི་ཁྱབ་རུ་ཁག་གི་དཔོན་དམག་ཆིག་སྟོང་ཙམ་གྱིས་དགུན་དུས་ཀྱི་ས་སྟོང་དུ་སྤེལ་བའི་སྦྱོང་བརྡར་བྱས་ཡོད། དཔོན་དམག་ཚོས་ཉིན་ལྟར་སྤྱི་ལེ་བརྒྱ་ཙམ་བསྐྱོད་ནས། དུས་ངེས་མེད་དུ་དྲག་པོའི་རྗེས་འདེད་དང་། རི་ནགས་ས་གསུམ་གྱི་འཇུ་གཏོར་སོགས་ཀྱི་དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱས་ཡོད། དྲག་ཆས་ཉེན་རྟོག་དཔུང་སྡེའི་ཧྲན་ཏུང་སྤྱི་ཁྱབ་རུ་ཁག་གི་ཡན་ལག་རུ་ཁག་ག་གེ་མོའི་རུ་དཔོན་རྒན་པ་ཧྥུའུ་ཆིང་ཕེང་གིས། ལོ་འཁོར་གསར་པར་ང་ཚོས་ཀྲུའུ་ཞིའི་བཀའ་ལྟར། དཀའ་ཁག་ནན་དངོས་བཅས་ཀྱི་དངོས་འཐབ་ཅན་གྱི་ནང་སྦྱོང་བྱ་རྒྱུ་དེ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྦྱོང་བརྡར་གྱི་དཀའ་ཚེགས་དང་། ཤུགས་ཚད། ཉེན་ཁ་བཅས་ཆེ་རུ་བཏང་ནས། རང་དམག་གི་རང་སྲོག་བློས་གཏོང་བྱེད་ཕོད་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ། ཏང་དང་མི་དམངས་ཀྱི་བློ་སེམས་དཀར་བའི་སྲུང་དམག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི ༢༠༢༡ ལོའི་བཀག་རྒྱ་ཨང་དང་པོར་མིང་རྟགས་བཀོད་པ། ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་གཙོ་སྐྱོང་གནང་བ། ཀྲུང་དབྱང་གིས་གྲོང་གསེབ་ལས་དོན་གྲོས་ཚོགས་འཚོགས་པ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་ནན་གསུང་གནང་དོན།