ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་གཙོ་སྐྱོང་གནང་སྐབས། སྒྱུར་བཅོས་ཀྱི་སེམས་ཤུགས་བརྟན་དུ་གཏོང་བ་དང་སྒྱུར་བཅོས་ཀྱི་མཉམ་ཤུགས་ཆགས་པ་བྱས་ཏེ། འཕེལ་རྒྱས་གསར་པའི་དུས་མཚམས་ཀྱི་སྒྱུར་བཅོས་ལ་འགག་སྒྲོལ་དེ་ལས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་དང་། ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་སྤྱི་ཟླ ༡༢ པའི་ཚེས ༣༠ ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ཡོད།
ཁོང་གིས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སྔ་ན་མེད་པའི་ཆོད་སེམས་དང་ཤུགས་ཚད་ཀྱི་ཐོག་ནས་བསམ་བློའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་གྲོལ་བ་བྱེད་པ་དང་། ཁེ་ཕན་སྲ་འགྱུར་གྱི་ར་བ་ལས་གྲོལ་བ་བྱས་ཐོག ཕྱོགས་ཁག་གི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་གཅིག་ཏུ་སེལ་བ་དང་། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་བཅག་ནས། བརྗིད་ཉམས་དང་ཟིལ་ཤུགས་་དགུང་འཕྱུར་གྱི་སྒྱུར་བཅོས་འཕེལ་རིམ་གྱི་སྒོ་མོ་ཕྱེ་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཁག་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་བ་དང་། ཁྱབ་ཁོངས་ཁག་གི་རྨང་གཞིའི་རང་བཞིན་ལྡན་པའི་ལམ་ལུགས་ཀྱི་སྒྲོམ་གཞི་གཞི་རྩའི་ཆ་ནས་གཏན་འཁེལ་བྱུང་བ། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་དང་། མ་ལག་རང་བཞིན་གྱི་བསྐྱར་འཛུགས། སྤྱི་ཡོངས་རང་བཞིན་ཅན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་བྱུང་བ། མ་ལག་ཆ་ཚང་བ་དང་། ཚན་རིག་ཚད་ལྡན་ཡིན་པ། ལག་བསྟར་ཕན་འབྲས་དང་ལྡན་པ་བཅས་ཀྱི་ལམ་ལུགས་ཀྱི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་དང་། ཕྱོགས་གང་ཅིའི་ལམ་ལུགས་སྔར་བས་གནད་སྨིན་འཐུས་ཚང་དང་སྔར་བས་གཏན་འཁེལ་ཡོང་བར་རྨང་གཞི་བརྟན་པོ་བཏིང་བ། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད། སྒྱུར་བཅོས་ཀྱི་ཆོད་སམས་ བརྟན་དུ་གཏོང་བ་དང་། སྒྱུར་བཅོས་ཀྱི་མཉམ་ཤུགས་གཅིག་སྡུད་བྱེད་པ། ཡང་འབད་བསྐྱར་འབད་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་སྒྱུར་བཅོས་ཐད་འགག་སྒྲོལ་དེ་བས་ཆེ་བ་ཐུབ་པ་དང་། བྱས་རྗེས་དེ་བས་ཆེ་བ་འཇོག་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བའི་ཕྱོགས་བསྡོམས་དཔྱད་དཔོག་སྙན་ཞུར་གྲོས་ཞིབ་གནང་ཡོད། ཚོགས་འདུའི་ཐོག་༼ཀྲུང་དབྱང་ཁེ་ལས་ཀྱི་ཏང་གི་འགོ་ཁྲིད་ཀུང་སི་བཅོས་སྐྱོང་ནང་མཉམ་འདྲེས་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་ཚོད་ལྟའི་ལག་བསྟར༽དང་། ༼སྦགས་མེད་ཐཱན་ཉུང་འཁོར་རྒྱུག་རེས་འཁོར་གོང་འཕེལ་གཏོང་བའི་དཔལ་འབྱོར་མ་ལག་གང་མགྱོགས་འཐུས་ཚང་དུ་འཛུགས་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར༽ ༼ཁོར་ཡུག་ཆ་འཕྲིན་ཁྲིམས་ལྟར་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་སྒྱུར་བཅོས་ཀྱི་ཇུས་གཞི༽ ༼སྲིད་དོན་གྲངས་གཞི་མཉམ་སྤྱོད་མཐུན་སྦྱོར་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་གྲངས་གཞི་གོ་རིམ་ལྡན་པའི་ངང་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽ ༼སྔོན་རྩིས་དོ་དམ་ལམ་ལུགས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽ ༼དུས་རབས་གསར་པར་བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽ ༼ཁྲལ་དོན་ཁྲིམས་འཛིན་བྱེད་སྟངས་སྔར་བས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽ ༼པེ་ཅིང་དངུལ་རྩའི་ཁྲིམས་ཁང་འཛུགས་རྒྱུའི་སྐོར་གྱི་ཇུས་གཞི༽བཅས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་ཡོད།
ཞི་ཅིན་ཕིང་གིས་གསུང་བཤད་ནང་། ལོ་འདི་དག་རིང་གི་སྒྱུར་བཅོས་ལས་དོན་ལ་ཕྱིར་དྲན་བྱས་ན། ང་ཚོས་གསར་སྐྲུན་གྱི་རིགས་པའི་གཞུང་ལུགས་རབ་དང་རིམ་པ་བཏོན་པ་དང་། བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཟུང་བ། འགག་སྒྲོལ་གལ་ཆེན་རབ་དང་རིམ་པ་བྱུང་ཡོད། དེ་དག་ཚང་མ་གསར་བརྗེའི་རང་བཞིན་ལྡན་པ་ཤ་སྟག་ཡིན་ཞིང་། སྒྱུར་བཅོས་སྒོ་འབྱེད་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བའི་རྣམ་པ་གསར་པ་གཏོད་ཡོད། དེ་ཡང་གཅིག་ནས། འདི་ནི་བསམ་བློ་དང་རིགས་པའི་གཞུང་ལུགས་ཐད་ཀྱི་འཕོ་འགྱུར་གཏིང་ཟབ་ཅིག་རེད། ང་ཚོས་བསམ་བློ་དང་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་བརྟེན་ནས་སྒྱུར་བཅོས་ཀྱིས་ལག་ལེན་གསར་གཏོད་ལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ལག་ལེན་གྱིས་ཉམས་མྱོང་ཕྱོགས་བསྡོམས་བྱེད་པར་བརྟེན་ནས་བསམ་བློ་དང་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ། སྒྱུར་བཅོས་ཀྱི་སྤྱིའི་དམིགས་འབེན་དང་། མདུན་སྐྱོད་ཁ་ཕྱོགས་གཙོ་བོ། ལས་འགན་གཙོ་བོ། ཐབས་ཤེས་དང་ཐབས་ལམ་སོགས་ཀྱི་ཕྱོགས་ནས་འགག་སྒྲོལ་རང་བཞིན་དང་། འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ལྡན་པའི་བསམ་བློ་གལ་ཆེན་དང་ཆོད་གཏམ་གལ་ཆེན་བཏོན་ཏེ། དུས་རབས་གསར་པར་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་དོན་གང་ཡིན་པ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་ཇི་ལྟར་གཏོང་རྒྱུ་སོགས་ཐད་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ངང་ལན་བརྒྱབ་ཡོད། གཉིས་ནས། འདི་ནི་སྒྱུར་བཅོས་སྒྲིག་འཛུགས་བྱ་ཐབས་ཀྱི་འཕོ་འགྱུར་གཏིང་ཟབ་ཞིག་རེད།
ང་ཚོས་ཏང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གནས་བབ་ཧྲིལ་པོའི་འདུ་ཤེས་དང་། བརྒྱུད་རིམ་རང་བཞིན་གྱི་བསམ་བློའི་ཐོག་ནས་སྒྱུར་བཅོས་ལ་འཆར་འགོད་དང་སྐུལ་འདེད་བཏང་ཡོད། ཐོག་མའི་རྨང་གཞི་བརྟན་གཏོང་དང་། སྒྲོམ་གཞི་ལེགས་གཏོང་ནས། དུས་མཚམས་དཀྱིལ་མའི་ཁྱོན་ཡོངས་ནས་སྐུལ་འདེད་དང་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པའི་བར་དང་། དེ་ནས་ད་ལྟའི་དུས་མཚམས་ཀྱི་བརྒྱུད་རིམ་ཧྲིལ་པོ་གཅིག་སྡུད་དང་མཐུན་སྦྱོར་ནུས་ཆེའི་གོམ་སྟབས་བརྟན་པོ་ཡོང་བ་བྱེད་ཅིང་། ཁྱབ་ཁོངས་ཁག་དང་ཕྱོགས་ཁག་ཚང་མའི་ལམ་ལུགས་རང་བཞིན་གྱི་འགོག་རྐྱེན་དང་། སྒྲིག་གཞིའི་རང་བཞིན་གྱི་འགོག་རྐྱེན། སྲིད་ཇུས་རང་བཞིན་གྱི་གསར་གཏོད་གནད་དོན་བཅས་ཤུགས་ཆེ་ཞིང་གོ་རིམ་ཡོད་པའི་ངང་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁ་ཕྱོགས་པ་དང་། དམིགས་འབེན་གསལ་ལ་ཐབས་ཇུས་བཀོད་སྒྲིག་ཁ་གསལ་བ་དང་། ཐབས་ཤེས་ཐབས་ལམ་ལས་ཕྱོད་ཆེ་བས། ཆ་ཤས་འཚོལ་ཞིབ་དང་འགག་སྒྲོལ་མདུན་སྐྱོད་ནས་བརྒྱུད་རིམ་ཚང་བའི་མཐུན་སྦྱོར་དང་། ཁྱོན་ཡོངས་གཏིང་ཟབ་ཀྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། གསུམ་ནས། འདི་ནི་རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་གཏིང་ཟབ་ཞིག་རེད། ང་ཚོས་སྔ་ཕྱི་བར་གསུམ་དུ་ལམ་ལུགས་འཛུགས་སྐྱོང་གི་གཙོ་ཐིག་དེ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ལམ་ལུགས་ཀྱི་སྒྲོམ་གཞི་འཐུས་ཚང་དུ་ཟམ་མི་ཆད་པར་གཏོང་བ། རྩ་བའི་ལམ་ལུགས་སྲ་བརྟན་དུ་གཏོང་བ། གཞི་རྩའི་ལམ་ལུགས་འཐུས་ཚང་བཟོ་བ། ལམ་ལུགས་གལ་ཆེན་གསར་གཏོད་བྱེད་དགོས། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་ལག་བསྟར་བྱས་པ། ལོ་ཧྲིལ་པོའི་དཔལ་འབྱོར་ལས་དོན་སོགས་བརྒྱུད་རིམ་ཧྲིལ་པོའི་ནང་ལམ་ལུགས་འཛུགས་སྐྱོང་གིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ། སྒྱུར་བཅོས་ཀྱི་འགག་རྩའི་བྱ་ཐབས་ཀྱི་ཕན་འབྲས་གང་ལེགས་མངོན་པ། སྒྱུར་བཅོས་ཀྱི་ཁྱབ་ཚད་དང་གཏིང་ཚད་ནས་བལྟས་ནའང་འདྲ། ཡང་ན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བའི་སྒྱུར་བཅོས་ཀྱི་ཕན་འབྲས་ལ་དོན་ངོ་མའི་ཞིབ་བཤེར་བྱས་པ་གང་ཞིག་ལས་བལྟས་རུང་། གྲུབ་འབྲས་གལ་ཆེན་ཐོབ་པ་དེར་དུས་རབས་རང་བཞིན་དང་ལག་ལེན་རང་བཞིན་མངོན་གསལ་དོད་པོ་ལྡན་ཡོད། བཞི་ནས། འདི་ནི་མི་དམངས་ནས་རྒྱ་ཁྱབ་ཏུ་ཞུགས་པའི་འཕོ་འགྱུར་གཏིང་ཟབ་ཅིག་རེད། ང་ཚོས་མི་དམངས་ཀྱིས་ལྟེ་བ་བྱས་ཏེ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་མི་དམངས་ལ་བརྩི་འཇོག་བྱེད་པའི་གསར་གཏོད་སྙིང་སྟོབས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མཐོ་རིམ་ཇུས་འགོད་དང་ལམ་བུ་འཚོལ་ཞིབ་བྱ་རྒྱུར་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚོད་ལྟ་སྔོན་ལ་ལག་བསྟར་དང་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་གཉིས་ཕན་ཚུན་སྐུལ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་ནས་དོ་ཁུར་ཆེན་པོ་བྱེད་པ་དང་། ཆེས་ཐད་ཀར། ཆེས་དོན་དངོས་བཅས་ཀྱི་ཁེ་ཕན་གནད་དོན་ལ་དམ་འཛིན་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་ཐོབ་ཚོར་དང་། བདེ་ཚོར། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་བ། སྤྱི་ཚོགས་ཡོངས་སུ་གསར་གཏོད་ཀྱི་འགྲན་རྩོད་གསོན་ཤུགས་རབ་ཏུ་འཕེལ་བ་དང་ངར་ཤུགས་ཀྱིས་ཁེངས་པའི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པ་བྱ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། སྒྱུར་བཅོས་ཀྱི་ལམ་བུའི་ཐོག་རྙོག་འཛིང་ཆེ་བའི་འགལ་ཟླ་དང་གནད་དོན་སྔར་བཞིན་མང་པོ་འཕྲད་ཡོད་པས། ང་ཚོས་དཀའ་གནད་མང་པོ་སེལ་ཡོད་ཀྱང་ད་དུང་དཀའ་གནད་ཁག་གཅིག་ཐག་གཅོད་བྱེད་དགོས་ཀྱི་ཡོད། ང་ཚོས་འགག་གནད་མི་ཉུང་བ་ཞིག་འགག་སྒྲོལ་བྱས་ཡོད་ནའང་འགག་གནད་མང་པོ་ཞིག་ད་དུང་ཡང་འགག་སྒྲོལ་བྱ་དགོས་ཀྱི་ཡོད། སྒྱུར་བཅོས་ལ་སྐུལ་འདེད་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ཞབས་འདེགས་ཞུ་བའི་གནས་བབ་ཆེན་པོ་གཉིས་ཟུང་འབྲེལ་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། གོང་འཕེལ་གྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་འཐབ་ཇུས་ཀྱི་དམིགས་འབེན་ལས་འགན་ལ་དམ་པོར་གཞིགས་པ། གསར་སྐྲུན་རང་བཞིན་དང་། ཁྲིད་སྟོན་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་འགག་སྒྲོལ་ཟབ་ཏུ་གཏོང་བ་དང་ལམ་ལུགས་གཅིག་སྡུད་ལ་སྐུལ་འདེད་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱེད་པ། རྨང་གཞིའི་རང་བཞིན་དང་ཁྲིད་སྟོན་གྱི་ནུས་པ་ཤུགས་ཆེན་ལྡན་པའི་སྒྱུར་བཅོས་བྱ་ཐབས་ལ་དོ་ཁུར་བྱེད་པ། ལམ་ལུགས་གསར་གཏོད་མཉམ་འགུལ་གང་ལེགས་དང་སྦྲེལ་མཐུད་ཆ་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་ཀྱི་ཕྱོགས་བསྡུས་ནུས་པ་མཐོ་རུ་གཏོང་དགོས། སྒྱུར་བཅོས་ལ་སྐུལ་འདེད་དང་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་རྒྱུ་གཉིས་ཟུང་འབྲེལ་བྱེད་པ། སྒྱུར་བཅོས་ཀྱི་དུས་བབ་དང་ལས་འགན་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུ་ཟབ་ཏུ་གཏོང་བ། སྒྱུར་བཅོས་ཀྱི་གོ་སྐབས་དང་། བྱ་ཐབས། དལ་ལྷོད་བཅས་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་དང་དེ་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། སྒྱུར་བཅོས་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། གསར་སྐྲུན་གྱི་གསོན་ཤུགས་འདོན་སྤེལ་དང་འབད་འཐབ་ཀྱི་གོང་བུར་སྒྲིལ་ཤུགས་གཉིས་ཟུང་འབྲེལ་བྱེད་པ། བྱ་དགའི་ལམ་སྲོལ་ཤུགས་ཆེར་གཏོང་བ་དང་། ཕྱོགས་གང་ས་ཅི་ཐད་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་པ། སྒྱུར་བཅོས་དེ་གོང་འཕེལ་གྱི་དུས་མཚམས་གསར་པར་རྣམ་པ་གསར་རྐྱང་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
གྲོས་ཚོགས་ཐོག ཀྲུང་དབྱང་ཁེ་ལས་ཀྱི་ཏང་ཨུད་ནི་ཏང་རྩ་འཛུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཁ་ཕྱོགས་ལ་དམ་འཛིན་དང་། གནས་བབ་ཧྲིལ་པོར་དོ་དམ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས། སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་ཨུད་ཀྱི་བཀོད་ཇུས་དང་། ལག་བསྟར། ལྟ་སྐུལ་བཅས་ཀྱི་ཁྱབ་ཁོངས་ཁག་གི་དབང་ཆ་དང་འགན་འཁྲི། ལས་ཀའི་བྱ་ཐབས་བཅས་ཁ་གསལ་བཟོ་བ། ཏང་ཨུད་དང་ལས་འཛིན་ལྷན་ཚོགས། སྤྱི་གཉེར་བང་རིམ་སོགས་ཀྱི་བཅོས་སྐྱོང་བྱེད་པོའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། དབང་ཆ་དང་འགན་འཁྲི་གཉིས་ཁྲིམས་ཀྱིས་གཏན་འཁེལ་བྱེད་པ་དང་། དབང་ཆ་དང་འགན་འཁྲི་ཁ་གསལ་བ། མཐུན་སྦྱོར་འཁོར་རྒྱུག ནུས་ལྡན་དོ་སྙོམས་བཅས་ཀྱི་ཀུང་སིའི་བཅོས་སྐྱོང་ལམ་སྲོལ་རྒྱུན་འཁྱོངས་བྱེད་པ། ལམ་ལུགས་ཀྱི་བཟང་ཆ་བཅོས་སྐྱོང་ནུས་པར་གང་ལེགས་སྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག སྦགས་མེད་ཐཱན་ཉུང་གི་འཁོར་སྐྱོད་ལ་བརྟེན་ནས་དཔལ་འབྱོར་གོང་འཕེལ་གཏོང་བའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དེ་ཁྱོན་ཡོངས་ནས་སྦགས་མེད་ཕྱོགས་སུ་བརྗེ་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་རང་རྒྱལ་གྱི་ཐོན་ཁུངས་དང་། ཁོར་ཡུག འབྱུང་ཁམས་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་ཐབས་ཇུས་ཡིན། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་གང་ས་ཅི་ཐད་དང་བརྒྱུད་རིམ་ཧྲིལ་པོར་སྦགས་མེད་འཆར་འགོད་དང་། སྦགས་མེད་ཇུས་འགོད། སྦགས་མེད་མ་འཇོག སྦགས་མེད་འཛུགས་སྐྲུན། སྦགས་མེད་ཐོན་སྐྱེད། སྦགས་མེད་འཁོར་རྒྱུག སྦགས་མེད་འཚོ་བ། སྦགས་མེད་འཛད་སྤྱོད་བཅས་བྱས་ཏེ། གོང་འཕེལ་དེ་ནུས་འབྲས་མཐོ་པོས་ཐོན་ཁུངས་བེད་སྤྱོད་དང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ནན་པོ་བྱེད་པ། དྲོད་ཁང་གི་རླངས་གཟུགས་འབུད་བཤངས་ཚོད་འཛིན་ནུས་ལྡན་བྱས་པའི་རྨང་གཞིའི་ཐོག་བཞག་སྟེ། སྤུས་ཚད་མཐོ་བའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
གྲོས་ཚོགས་ཐོག ཁོར་ཡུག་ཆ་འཕྲིན་ཁྲིམས་ལྟར་ཁྱབ་བསྒྲགས་བྱེད་པ་དེ་ནི་ཁེ་ལས་ཀྱི་ཁོར་ཡུག་དོ་དམ་ལམ་ལུགས་གལ་ཆེན་ཞིག་དང་། འབྱུང་ཁམས་དཔལ་ཡོན་ལམ་ལུགས་མ་ལག་གི་རྨང་གཞིའི་རང་བཞིན་གྱི་ནང་དོན་གལ་ཆེན་ཞིག་རེད། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་འབྱུང་ཁམས་ཁོར་ཡུག་དང་སྤྱི་པའི་བདེ་ཐང་། སྤྱི་དམངས་ཀྱི་ཁེ་ཕན་བཅས་ལ་ཤུགས་རྐྱེན་ཆེན་པོ་ལྡན་པ་དང་། ཁྲོམ་ར་དང་སྤྱི་ཚོགས་ནས་དོ་ཁུར་ཆེན་པོ་བྱེད་པའི་ཁེ་ལས་ཁོར་ཡུག་བྱ་སྤྱོད་ལ་གཅིག་སྡུད་ཀྱིས་ཁེ་ལས་ཀྱི་ཁྲིམས་གཏན་འཁེལ་བའི་འོས་འགན་དོན་འཁྱོལ་དང་། ཡོངས་བསྒྲགས་བྱེད་པའི་ཚད་ལྡན་བླང་བྱ་འཐུས་ཚང་འཛུགས་པ། མཐུན་སྦྱོར་དོ་དམ་སྒྲིག་གཞི་འཛུགས་པ། ལྟ་སྐུལ་དོ་དམ་སྒྲིག་གཞི་འཛུགས་པ། ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཐོག་ཁེ་ལས་རང་གཅུན་དང་། དོ་དམ་ནུས་མཐོ། ལྟ་སྐུལ་དོ་ནན། འདེགས་སྐྱོར་ནུས་ལྡན་བཅས་ཀྱི་ཁོར་ཡུག་ཆ་འཕྲིན་བཙན་ཐབས་ཀྱིས་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་གྲུབ་པ་བྱེད་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག སྲིད་དོན་གྲངས་གཞིའི་མཉམ་སྤྱོད་མཐུན་སྦྱོར་སྒྲིག་གཞི་འཐུས་ཚང་འཛུགས་པ་དང་། གྲངས་གཞི་གོ་རིམ་ལྡན་པའི་ངང་མཉམ་སྤྱོད་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། གཅིག་གྱུར་མཐུན་སྦྱོར་བྱེད་པ་དང་། བཀོལ་སྤྱོད་སྣེ་ཁྲིད་བྱེད་པ། བདེ་འཇགས་ཚོད་འཛིན་ཐུབ་པ། ཁྲིམས་ལྟར་སྒྲིག་ལྟར་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས། ལས་སྒོ་མཐུན་སྦྱོར་བྱ་རྒྱུ་གཙོ་གནད་དུ་བཟུང་བ་དང་། ལག་རྩལ་གསར་གཏོད་དང་བཀོལ་སྤྱོད་གསར་གཏོད། མ་དཔེ་གསར་གཏོད་བཅས་ལ་ཤུགས་སྣོན་རྒྱག་དགོས། སྒོ་ཀུན་ནས་སྲིད་དོན་གྲངས་གཞི་མཉམ་སྤྱོད་བྱེད་པའི་བདེ་འཇགས་ལམ་ལུགས་མ་ལག་དང་། དོ་དམ་མ་ལག ལག་རྩལ་འགོག་སྲུང་མ་ལག་བཅས་འཛུགས་དགོས་པ་དང་། ཚན་པའི་བར་གྱི་ཆ་འཕྲིན་བཀག་རྒྱ་གཏོར་ཏེ་གྲངས་གཞི་མཉམ་སྤྱོད་སྦྲེལ་མཐུད་བྱ་རྒྱུ་དེ་བས་གནད་འཕིགས་ཤར་གཏོང་ཡོང་རྒྱུར་སྐུལ་འདེད་བཏང་ཏེ་ཁྲིམས་སྐྱོང་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག སྔོན་རྩིས་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། སྔོན་རྩིས་ཁྲིམས་བཀོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ནོར་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་བསྒྲུབ་པའི་ལམ་ལུགས་བཟང་ཆ་འདོན་སྤེལ་བྱེད་པ། ནོར་སྲིད་ཐོན་ཁུངས་ལ་གཅིག་གྱུར་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གཞི་རྩ་འགན་ལེན་དང་མ་མཐའི་མཚམས་ཐིག་སྲུང་རྒྱུ་འབུར་དུ་ཐོན་པ་བྱེད་པ། སྔོན་རྩིས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་གལ་ཆེན་ཐད་ཐོན་པའི་འགན་སྲུང་ནུས་པ་ཤུགས་ཆེར་གཏོང་བ། སྲིད་གཞུང་གིས་གྲོན་ཆུང་བསྲི་ཚགས་ཀྱི་འཚོ་བ་སྐྱེལ་བའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། མ་དངུལ་གང་བྱུང་གཏོང་བ་དང་རྒྱས་སྤྲོད་ཆུད་ཟོས་གཏོང་བའི་སྣང་ཚུལ་ཐོན་རྒྱུ་གཏན་འགོག་བྱེད་པ་བཅས་བྱེད་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག བསམ་བློ་ཆབ་སྲིད་ལས་དོན་ནི་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་ཆབ་སྲིད་བཟང་ཆ་ཞིག་རེད། དར་ཆ་བསྒྲེངས་བ་དང་། དམངས་སེམས་གཅིག་སྡུད་བྱེད་པ། མི་སྣ་གསར་པ་སྐྱོང་བ། རིག་གནས་དར་སྤེལ་གཏོང་བ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲིའི་ལས་འགན་ལ་གཞིགས་དགོས་པ་དང་། བསམ་བློ་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། འདུ་ཤེས་གསར་གཏོད་དང་བྱ་ཐབས་གསར་གཏོད། གཞི་རིམ་ལས་ཀ་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བ། དགེ་མཚན་ལྡན་པའི་གྲུབ་ཆ་ཡོད་ཚད་སྐུལ་སློང་བྱེད་པ། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་ཡོད་ཚད་མཐུན་སྒྲིལ་བྱེད་པ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུར་ཞབས་ཞུ་བསྒྲུབ་པ་དང་། བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཞབས་ཞུ་བསྒྲུབ་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག ཁྲལ་དོན་ཁྲིམས་བསྟར་བྱ་ཐབས་ལེགས་སྒྱུར་བྱེད་དགོས། ཁྲལ་དོན་ཁྲིམས་བསྟར་དང་ཞབས་ཞུ། ལྟ་སྐུལ་དོ་དམ་བཅས་ཀྱི་འདུ་ཤེས་དང་བྱ་ཐབས། ཐབས་ལམ་བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་བསྟར་གནད་ལ་འཕིགས་པ་དང་། ཞབས་ཞུ་ཞིབ་ཚགས་པ། ལྟ་སྐུལ་དོ་དམ་གནད་ལ་འཕིགས་པ། ལྷག་བསམ་རྣམ་དག་གིས་མཉམ་དུ་སྐྱོང་བ་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྲལ་ཁྲིམས་ལ་བརྩི་སྲུང་ཞུ་ཚད་དང་སྤྱི་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཤུགས་ཆེར་གཏོང་བ། བསྡུ་འཇལ་མ་གནས་མངོན་གསལ་དོད་པོས་དམའ་རུ་གཏོང་བ་བཅས་བྱས་ནས་དཔྱ་ཁྲལ་འཇལ་རྒྱུ་དེས་རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཐོན་པའི་རྨང་གཞིའི་རང་བཞིན་དང་། ཀ་རྟེན་རང་བཞིན། འགན་སྲུང་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག དངུལ་རྩའི་ཁྲིམས་ཁང་འཛུགས་པ་དེ་ནི་རྒྱལ་ཁབ་ཀྱི་དངུལ་རྩའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་ཞབས་ཞུ་དང་འགན་སྲུང་བྱེད་པ་དང་། དངུལ་རྩའི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་གཏོད་པ། དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། པེ་ཅིང་ནི་རྒྱལ་ཁབ་ཀྱི་དངུལ་རྩའི་དོ་དམ་ལྟེ་གནས་ཡིན་པས། འགོ་འཛུགས་ས་མཐོ་པོ་དང་ཚད་གཞི་མཐོ་པོའི་ཐོག་ནས་དངུལ་རྩའི་ཁྲིམས་ཁང་འཛུགས་དགོས་པ་དང་། ས་ཁོངས་ནུས་པའི་ངེས་གནས་དང་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་དངུལ་རྩའི་གྱོད་གཞིར་གཅིག་སྡུད་དོ་དམ་དང་། དངུལ་རྩའི་འདྲི་གཅོད་སྒྲིག་གཞིའི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། དངུལ་རྩའི་འདྲི་གཅོད་ཀྱི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།
ཀྲུང་དབྱང་ཁྱོན་ཡོངས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ཡང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཀྲུང་དབྱང་གིས་གྲོང་གསེབ་ལས་དོན་གྲོས་ཚོགས་འཚོགས་པ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་ནན་གསུང་གནང་དོན། ༼ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་སྐོར་གྱི་དཔྱད་རྩོམ་དཔེ་ཚོཌ༽པོད་དང་པོ་ནས་ལྔ་པ་བར་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།