ཧྥུ་ཅན་ཞིང་ཆེན་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚེས ༢༣ ཉིན་སྔ་ཕྱིར་སན་མིང་གྲོང་ཁྱེར་ཧྲ་རྫོང་སྤྱི་ཁྱབ་སྨན་ཁང་དང་། ཤ་མའོ་གྲོང་རྡལ་ཡུས་པང་གྲོང་ཚོ། ཧྲ་རྫོང་གྲོང་གསེབ་ཐོན་དབང་ཉོ་ཚོང་ལྟེ་གནས་བཅས་སུ་ཕེབས་ནས། ས་གནས་དེ་གའི་སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བསྒྱུར་བཅོས་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད། ནགས་དབང་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་གནང་ཡོད་པ་རེད།
སྤྱི་ཚེས ༢༣ ཉིན་གྱི་སྔ་དྲོ། ཧྥུ་ཅན་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སན་མིང་གྲོང་ཁྱེར་ཧྲ་རྫོང་སྤྱི་ཁྱབ་སྨན་ཁང་དུ་ཕེབས་ནས་སྨན་བཅོས་ལམ་ལུགས་བསྒྱུར་བཅོས་ལས་དམངས་ལ་ཕན་པ་ཐོབ་ཚུལ་ཐད་མཁྱེན་རྟོགས་གནང་ཡོད། ཁོང་གིས། བདེ་ཐང་ནི་བདེ་སྐྱིད་འཚོ་བའི་དམིགས་ཚད་གལ་ཆེ་ཤོས་དེ་ཡིན་ཞེས་དང་། ཁོང་གིས། མི་དམངས་རྩ་བའི་རྩེ་རུ་འཇོག་པ་དང་། ཚེ་སྲོག་གོང་མའི་གོང་ལ་བཀུར་དགོས། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་དམིགས་ཚད་གལ་ཆེ་ཤོས་ཤིག་ནི་བདེ་ཐང་རེད། བདེ་ཐང་ནི་ཡོད་ཚད་ཀྱི་ཡོད་ཚད་ཡིན། བདེ་ཐང་མེད་ན་ཐམས་ཅད་སྟོང་པ་རེད། ང་ཚོས་དེ་སྔོན་ཐོབ་པའི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་ད་དུང་མུ་མཐུད་འཕྲོད་བསྟེན་བདེ་ཐང་བྱ་གཞག་མདུན་ཕྱོགས་སུ་གོང་འཕེལ་གཏོང་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། རང་རྒྱལ་གྱི་བདེ་ཐང་བྱ་གཞག་རྒྱུན་མཐུད་གོང་འཕེལ་བྱུང་བ་དང་། མིའི་ཆ་སྙོམས་ཚེ་ཚད་ཀྱང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གཅིག་དང་འདྲ་པོ་ཡོད། འོན་ཀྱང་། གོང་འཕེལ་ད་དུང་དོ་སྙོམས་བྱུང་མེད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞིའི་རིང་། མི་དམངས་རྩ་བའི་རྩེ་རུ་འཇོག་པ་དང་ཚེ་སྲོག་གོང་མའི་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་ཀྱིས་མུ་མཐུད་སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་བསྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། སྨན་བཅོས་ཐོན་ཁུངས་མང་དུ་གཏོང་བ། ས་ཁོངས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ཐོག ནད་གཞི་ཆེ་གྲས་ཞིང་ཆེན་ནས་བལྟ་ཐུབ་པ་དང་། སྤྱིར་བཏང་ནད་གཞི་གྲོང་ཁྱེར་དང་རྫོང་ནས་བལྟ་ཐུབ་པ། རྒྱུན་གཏན་གྱི་ནད་གཞི་ཆུང་གྲས་གཞི་རིམ་ནས་བལྟ་ཐུབ་པ་བཅས་བྱས་ནས་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད།
ཧྲ་རྫོང་ཤ་མའོ་གྲོང་རྡལ་ཡུས་པང་གྲོང་ཚོར། ཞི་ཅིན་ཕིང་གིས་ཡུལ་མི་ཚོ་དང་མཛའ་བརྩེའི་སྤེལ་རེས་གནང་བ་དང་། ས་གནས་དེ་ག་ནས་ཧྲ་རྫོང་གི་ཟིལ་ཟས་གོང་འཕེལ་གནས་ཚུལ་དང་མདུན་ལྗོངས་ཐད་མཁྱེན་རྟོགས་གནང་ཡོད།
ཞི་ཅིན་ཕིང་གིས། དམངས་ཀྱིས་ཟས་གཙོ་བོར་འཛིན་གྱི་ཡོད་པ་དང་། ཧྲ་རྫོང་གི་ཟིལ་ཟས་ལ་ཀུན་གྱིས་དགའ་པོ་བྱེད་ཀྱི་ཡོད། ང་རང་ཡང་ད་ཐེངས་ཧྲ་རྫོང་གི་ཟིལ་ཟས་ཀྱི་མིག་སྔའི་གནས་སྟངས་དང་མདུན་ལྗོངས་གང་འདྲ་ཡོད་མིན་ལ་བལྟ་བར་ཡོང་བ་ཡིན། ཧྲ་རྫོང་གི་ཟིལ་ཟས་ཐད་ཐོབ་ཟིན་པའི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་ཏུ་ད་དུང་ང་ཚོས་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་བཏང་ནས་དེ་བས་ཡག་པ་གཉེར་དགོས། དེང་གི་གྲོང་ཁྱེར་ཅན་དང་གྲོང་གསེབ་དར་རྒྱས་ཐད་ཁྱེད་རང་ཚོ་དགོས་མཁོ་ཆེན་པོ་ཡོད། དེར་ལས་དང་བསྟུན་ནས་སྐྱེ་ཟེར་བ་དང་ཁ་ཕྱོགས་གཅིག་པའི་ཕྱོགས་སུ་སྐྱོད་ཟེར་བ་ཡིན། ཁྱེད་རང་ཚོས་ཡང་འབད་བསྐྱར་འབད་ཀྱིས་མུ་མཐུད་སྣེ་ཁྲིད་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
དེ་ཉིན་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲ་རྫོང་གྲོང་གསེབ་ཐོན་དབང་ཉོ་ཚོང་ལྟེ་གནས་སུ་ཕེབས་ནས། ཧྲ་རྫོང་གིས་ལོ་འདི་དག་རིང་མཉམ་སྡེབ་ནགས་དབང་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་པའི་ཐད་གདེང་འཇོག་དང་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས། མཉམ་སྡེབ་ནགས་དབང་ལམ་ལུགས་ཀྱི་བསྒྱུར་བཅོས་ཐད། སན་མིང་ནི་འགོ་འཛུགས་ས་གལ་ཆེན་ཞིག་ཡིན། གུང་ཁྲན་ཏང་གིས་ལས་དོན་སྒྲུབ་པའི་མཛུབ་ཁྲིད་བསམ་བློ་གཅིག་ནི་མང་ཚོགས་ཀྱི་ཐོག་མའི་གསར་གཏོད་སྙིང་སྟོབས་ལ་བརྩི་སྲུང་ཞུ་རྒྱུ་དེ་རེད། མང་ཚོགས་ནི་དཔའ་བོ་ངོ་མ་ཡིན། ང་ཚོས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་སྐབས་མཐོ་རིམ་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ་གཉིས་གཅིག་འགྱུར་ཡོང་བ་བྱེད་དགོས་པ་དང་། བསྒྱུར་བཅོས་ཆེ་གྲས་བྱེད་སྐབས་ཚོད་ལྟའི་ཁུལ་གྱིས་སྔོན་ལ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཉམས་མྱོང་མང་པོ་བསགས་རྗེས་གཞི་ནས་ཁྱབ་གདལ་གཏོང་དགོས། རྐང་བཀྱག་འཚོལ་བཞིན་ཆུ་ལས་སྒྲོལ་བའི་བསྒྱུར་བཅོས་ཀྱི་བརྟག་ཐབས་སྨྲ་བའི་ཐབས་ཤེས་དེ་དུས་ཚོད་ཡོལ་མེད་ལ། དུས་ཚོད་ཡོལ་བའི་དུས་ཀྱང་མེད་ཅེས་གསུངས་ཡོད།
སྤྱི་ཚེས ༢༤ ཉིན་གྱི་ཕྱི་དྲོ། ཧྥུ་ཅན་ཞིང་ཆེན་ཧྥུ་ཀྲའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་གྲོང་འདབས་ཀྱི་བདེ་སྐྱིད་ལམ་དང་། སན་ཧྥང་ཆི་ཤང་ལོ་རྒྱུས་རིག་གནས་སྲང་ལམ། ཧྥུ་ཅན་ཧྥུ་ཀོང་མ་རྐང་ཚད་ཡོད་ཀུང་སི་སོགས་སུ་ཕེབས་ནས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་། ལོ་རྒྱུས་རིག་གནས་སྲང་ལམ་སྲུང་སྐྱོབ། ལས་གཏོད་གསར་སྐྲུན་གོང་འཕེལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཧྥུ་ཅན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་མང་ཚོཊ་ལ་གསུང་བཤད་གནང་བ། ཞི་ཅིན་ཕིང་གིས་ཐཱན་ཉུང་གཏོང་ཐད་ནན་གསུང་འདི་འདྲ་གནང་འདུག འཐུས་མི་དང་ཨུ་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་རིང་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཧུར་ཐག་བྱས་པ།