སྤྱི་ཟླ ༣ པའི་ཚེས ༣༠ ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་འཚོགས་བྱས་ནས། ༼དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར༽ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག དབུས་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། འབྲུ་རིགས་ཐོན་སྐྱེད་རྟེན་གཞི་དང་། ནུས་ཁུངས་མ་རྒྱུའི་རྟེན་གཞི། སྒྲིག་ཆས་བཟོ་སྐྲུན་དང་ལག་རྩལ་མཐོ་བའི་ཐོན་ལས་རྟེན་གཞི། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་བཅས་ཀྱི་འགག་རྩའི་གནས་བབ་སྔར་བས་སྲ་བརྟན་དུ་ཕྱིན་ཡོད་ཅེས་བསྟན་ཡོད།
གྲོས་ཚོགས་ཐོག དབུས་རྒྱུད་ས་ཁུལ་གྱིས་ཤར་ནུབ་སྦྲེལ་མཐུད་དང་ལྷོ་བྱང་སྦྲེལ་མཐུད་ཐུབ་ཅིང་། དེ་གར་ནི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། འགྲིལ་འགྲུལ་དར་རྒྱས་ཆེ་བ། ཐོན་ལས་ཀྱི་རྨང་གཞི་ཅུང་ལེགས་པ། རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པ། གོང་འཕེལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཡིན་པས། དབུས་རྒྱུད་ས་ཁུལ་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་གནས་བབ་ཧྲིལ་པོའི་རང་བཞིན་གྱི་དོན་སྙིང་ལྡན་ཡོད། གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་པས། དབུས་རྒྱུད་ས་ཁུལ་གོང་འཕེལ་གཏོང་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། བརྟན་པོའི་ཁྲོད་ཡར་ཐོན་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཐོག ཚད་མཐོན་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་བརྗོད་དོན་གཙོ་བོ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་ཀྱིས་གཙོ་ཐིག་བྱེད་པ། བསྒྱུར་བཅོས་གསར་གཏོད་ཀྱིས་གཞི་རྩའི་སྒུལ་ཤུགས་བྱེད་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་འབེན་དུ་འཛིན་ནས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོས་གཙོ་གཟུགས་བྱེད་པ་དང་། རྒྱལ་ཕྱི་རྒྱལ་ནང་གི་འཁོར་རྒྱུག་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་གནས་སྟངས་གང་མགྱོགས་གྲུབ་པ་བཅས་བྱས་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱིས་འདེགས་སྐྱོར་བྱེད་པའི་དེང་རབས་ཐོན་ལས་མ་ལག་ཏན་ཏིག་ངང་བསྐྲུན་པ་དང་། འབྱུང་འཕྲོད་གོང་འཕེལ་གྱི་མཛེས་སྡུག་ལྡན་པའི་དབུས་རྒྱུད་ཏན་ཏིག་ངང་བསྐྲུན་པ། ནང་ལོག་སྐམ་སའི་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་ཏན་ཏིག་གཏོང་བ། སྒྲིག་གཞི་སྒྲིག་སྲོལ་བསྒྱུར་བཅོས་ཏན་ཏིག་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་གོང་འཕེལ་གྱི་མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་འགན་སྲུང་ཆུ་ཚད་གོང་མཐོར་ཏན་ཏིག་གཏོང་བ་བཅས་ཀྱིས། དབུས་རྒྱུད་ས་ཁུལ་གང་མགྱོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་ཁྲོད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག དབུས་རྒྱུད་ས་ཁུལ་དེ་ཉིད་རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེན་པོའི་གྲུབ་ཆ་གལ་ཆེན་དང་བར་ཁམས་ཀྱི་འགག་གནས་ཤིག་ཡིན་པའི་ངོས་ནས། རང་སོའི་གནས་ཚད་འཚོལ་ཞིབ་ཡང་དག་བྱེད་པ་དང་། བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་ཆས་མ་ལག་དང་དེང་དུས་ཀྱི་འཁོར་རྒྱུག་མ་ལག་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་། འབྲི་ཆུའི་དཀྱིལ་རྒྱུད་གྲོང་ཁྱེར་ཁྱུ་ཚོམས་དང་དབུས་རྒྱུད་གྲོང་ཁྱེར་ཁྱུ་ཚོམས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། གོང་འཕེལ་གྱི་གནས་སྟངས་གསར་པར་ཞབས་ཞུ་དང་མཉམ་འདྲེས་གཏིང་ཟབ་ཐུབ་པ་བཅས་བྱེད་དགོས། གསར་གཏོད་བྱ་རྒྱུ་དེ་ཉིད་གོང་འཕེལ་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོར་འཛིན་པ་དང་། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་གོང་འཕེལ་ལ་སྣེ་ཁྲིད་བྱས་ཏེ། སྐམ་སའི་ནང་ལོགས་ཀྱི་ཆུ་ཚད་མཐོ་བའི་སྒོ་དབྱེའི་སྒྲིག་གཞི་གསར་པ་གྲུབ་པ་བྱེད་དགོས། འབྱུང་འཕྲོད་ཐཱན་ཉུང་གི་གོང་འཕེལ་ལམ་བུ་གསར་པའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ནུས་རྒྱུའི་ཐོན་ཁུངས་གྲོན་ཆུང་དང་གཅིག་སྡུད་ཐོག་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འབྱུང་ཁམས་འཛུགས་སྐྱོང་དང་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ། དབུས་རྒྱུད་ཀྱི་འབྱུང་འཕྲོད་གོང་འཕེལ་མངོན་འགྱུར་ཐུབ་པ་བྱ་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། །