གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་གློག་འཕྲིན་དང་དྲ་རྒྱའི་ཐོག་ཁ་བསླུས་རྒྱག་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས་: 2021ལོ་04ཟླ་12ཚེས་ 11:44 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་གློག་འཕྲིན་དང་དྲ་རྒྱའི་ཐོག་ཁ་བསླུས་རྒྱག་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་། ས་ཁུལ་ཁག་དང་ཚན་པ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། གློག་འཕྲིན་དང་དྲ་རྒྱའི་ཐོག་ཁ་བསླུས་རྒྱག་པའི་ཉེས་གསོག་ལ་རྡུང་རྡེག་བཏང་བ་དང་བཅོས་སྒྲིག་རྒྱུན་མཐུད་བྱས་པར་ཕན་འབྲས་རགས་ཙམ་ཐོན་ཡོད། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། མ་ལག་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ། འབྱུང་རྩ་ནས་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་པ། མཉམ་འཛིན་མཉམ་སྡོམ་དང་མཉམ་འགོག་མཉམ་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རྡུང་རྡེག་དང་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ཁག་དང་། དངུལ་རྩ་དང་། འཕྲིན་གཏོང་། དྲ་སྦྲེལ་སོགས་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་གྱི་བྱེད་པོའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། བཅའ་ཁྲིམས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོ་དང་དོགས་ཟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཉེས་གསོག་དེ་རིགས་ཐོན་མང་བའི་རྣམ་པ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། གློག་འཕྲིན་དྲ་རྒྱའི་ཐོག་ཁ་བསླུས་རྒྱག་པའི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་ཕན་འབྲས་མུ་མཐུད་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དེ་བས་ཡག་པ་བྱེད་དགོས་ཞེས་བསྟན་གནང་ཡོད།

རྒྱལ་ཡོངས་ཀྱི་གློག་འཕྲིན་དྲ་རྒྱའི་རྣམ་པ་གསར་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྤྱི་ཚེས ༨ ཉིན་པེ་ཅིང་དུ་འཚོགས་ཡོད། ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་བྱས་ཡོད། རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གློག་འཕྲིན་དྲ་རྒྱའི་རྣམ་པ་གསར་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་པུའུ་དང་པུའུ་བར་གྱི་མཉམ་འབྲེལ་ཚོགས་འདུའི་སྤྱི་ཁྱབ་ཚོགས་འདུ་བསྡུ་མཁན་ཀྲའོ་ཁེ་ཀྲིས་གྲོས་ཚོགས་ཐོག་གསུང་བཤད་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གློག་འཕྲིན་དྲ་རྒྱའི་ཐོག་ཁ་བསླུས་རྒྱག་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ནས། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་ཀྱི་ཐོག་ནས་སྔོན་འགོག་དང་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ཁག་དམ་འཛིན་ཞིབ་ཚགས་དང་དོན་འཁྱོལ་ཏན་ཏིག་བྱས་ཐོག གློག་འཕྲིན་དྲ་རྒྱའི་ཐོག་ཁ་བསླུས་རྒྱག་པའི་ཉེས་གསོག་ཐོན་མང་བའི་རྣམ་པ་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་གསུངས་ཡོད་པ་རེད།

ཀྲུང་དབྱང་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གྲོས་ཚོགས་ཐོག་གཏམ་བཤད་གནང་ཡོད། གྲོས་ཚོགས་ཐོག་རྒྱལ་ཡོངས་ཀྱི་གློག་འཕྲིན་དྲ་རྒྱའི་རྣམ་པ་གསར་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་ཡོད་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གློག་འཕྲིན་དྲ་རྒྱའི་རྣམ་པ་གསར་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་པུའུ་དང་པུའུ་བར་གྱི་མཉམ་འབྲེལ་ཚོགས་འདུ་བསྡུ་མཁན་དང་ཁོངས་གཏོགས་ཚན་པ ༢༥ ཡི་འགན་འཁུར་བློ་མཐུན་སོགས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་གློག་འཕྲིན་དྲ་རྒྱའི་རྣམ་པ་གསར་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་བསྡུ་མཁན་དང་ཁོངས་གཏོགས་ཚན་པའི་འགན་འཁུར་བློ་མཐུན་ས་གནས་ཁག་གི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཤར་ནུབ་རྒྱུད་ཀྱི་རོཌ་ལས་དང་དམིཌ་འཛུཌ་རོཌ་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་། ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཞ་མོན་སློབ་ཆེན་བཙུགས་ནས་ལོ་ངོ་༡༠༠འཁོར་བར་རྟེན་འབྲེལ་ཞུས་པ། ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།