ཨ་རིའི་ཙུང་ཐུང་པའེ་ཏེང་གི་གདན་ཞུ་ལྟར། སྤྱི་ཚེས ༢༢ ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་མཐོང་རྣམ་པའི་ཐོག་ནས་གནམ་གཤིས་དབུ་ཚོགས་སུ་ཞུགས་པ་མ་ཟད་འགོ་བརྗོད་དུ་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་ཐུན་མོང་མ་ལག་མཉམ་དུ་སྐྲུན་ཞེས་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་ཡོད།
ཞི་ཅིན་ཕིང་གིས། གནམ་གཤིས་འགྱུར་ལྡོག་སོང་བ་དེས་མིའི་རིགས་ཀྱི་འཚོ་གནས་དང་གོང་འཕེལ་ལ་འགྲན་རྩོད་དྲག་པོ་འཕྲད་ཡོད། འཛམ་གླིང་གི་ཁོར་ཡུག་བཅོས་སྐྱོང་ལ་སྔར་ན་མེད་པའི་དཀའ་ངལ་འཕྲད་པའི་དུས་འདིར། རྒྱལ་སྤྱིའི་སྤྱི་ཚོགས་ནས་སྔར་ན་མེད་པའི་དཔའ་སེམས་དང་བྱ་སྤྱོད་ཐོག་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འཐབ་ཇུས་ལ་མཉམ་དུ་གྲོས་བསྡུར་བྱེད་དགོས་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པའི་ཐབས་ལམ་འཚོལ་ཞིབ་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་སེམས་ནུས་གཅིག་སྒྲིལ་བཅས་བྱས་ནས་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་ཐུན་མོང་མ་ལག་མཉམ་དུ་སྐྲུན་དགོས་ཞེས་གསུངས་ཡོད།
དེ་ཡང་དང་པོ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མིའི་རིགས་ཀྱིས་རང་བྱུང་ཁམས་རྩ་བར་འཛིན་པ་དང་། རང་བྱུང་ཁམས་ལ་བརྩི་བཀུར་བྱེད་པ། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་དགོས། རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ནང་བཞིན་རང་བྱུང་ཁམས་དང་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པའི་གནས་སྟངས་གསར་པ་གཏོད་དགོས།
གཉིས་པ། སྦགས་མེད་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོབ་བྱེད་པ་ཞིག་དང་། འབྱུང་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་དེ་ནི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་བཏང་བ་ཞིག་རེད། འབྱུང་ཁམས་ཁོར་ཡུག་ལ་གནོད་འཚེ་བཟོ་བའམ་གཏོར་སྐྱོན་གཏོང་བའི་གོང་འཕེལ་མ་དཔེ་དོར་དགོས་པ་དང་། ཁོར་ཡུག་བློས་གཏོང་བྱས་ནས་སྐབས་ཤིག་རིང་གི་གོང་འཕེལ་ཡོང་རེ་བྱེད་པའི་མིག་རྒྱང་ཐུང་བའི་བྱ་སྤྱོད་དོར་དགོས། དཔལ་འབྱོར་དང་ནུས་པའི་འབྱུང་ཁུངས། ཐོན་ལས་གྲུབ་གཞི་བཅས་བརྗེ་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་འབྱུང་ཁམས་ཁོར་ཡུག་ཡག་པོ་ཞིག་འཛམ་གླིང་གི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་འགྲོ་བའི་འདེགས་སྐྱོར་དུ་འགྱུར་བ་བྱེད་དགོས།
གསུམ་པ། མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་དགོས། རི་དང་ཆུ། ནགས། ཞིང་། མཚེའུ། རྩྭ། བྱེ་ས་བཅས་ནི་ཁ་བྲལ་དུ་མེད་པའི་འབྱུང་ཁམས་མ་ལག་རེད། འབྱུང་ཁམས་མ་ལག་གི་ནང་གྲུབ་ཆོས་ཉིད་ལ་གཞིགས་ནས་རང་བྱུང་ཁམས་ཀྱི་རྒྱུ་ཆ་སྣ་ཚོགས་ལ་གཅིག་འགྱུར་ཐོག་བསམ་གཞིག་བྱས་ཏེ་འབྱུང་ཁམས་མ་ལག་གི་འཁོར་རྒྱུག་ནུས་པ་ཤུགས་ཆེར་གཏོང་བ་དང་འབྱུང་ཁམས་དོ་སྙོམ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་དམིགས་ཡུལ་གྲུབ་པ་བྱེད་དགོས།
བཞི་པ། མི་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་གོང་འཕེལ། ལས་ཞུགས་གསར་གཏོད། དབུལ་སེལ་བཅས་མཐུན་སྦྱོར་ནུས་མཐོ་ཡོང་རྒྱུ་འཚོལ་ཞིབ་བྱེད་པ་དང་། སྦགས་མེད་བརྗེ་སྒྱུར་གྱི་བརྒྱུད་རིམ་ནང་སྤྱི་ཚོགས་གཞུང་དྲང་ལུགས་མཐུན་ཡོང་བ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱོད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཤུགས་ཆེར་གཏོང་དགོས།
ལྔ་པ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱེད་པ་དང་། གཞུང་དྲང་དྲང་བདེན་གྱིས་དམིགས་འབེན་བྱེད་པ། ནུས་ལྡན་བྱ་སྤྱོད་ཀྱིས་ཕྱོགས་སྟོན་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ༼མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་བའི་སྒྲོམ་གཞིའི་སྤྱི་ཆིངས་༽དང་༼ཕ་རི་སིའི་གྲོས་ཆོད་༽ཀྱི་དམིགས་འབེན་དང་རྩ་དོན་ལ་བརྩི་སྲུང་ཞུ་དགོས། ཀྲུང་གོས་ཨ་རི་ཉིད་ཕྱོགས་མང་གནམ་གཤིས་བཅོས་སྐྱོང་གི་འཕེལ་རིམ་ནང་ཕྱིར་ལོག་བྱེད་པར་དགའ་བསུ་ཞུ་རྒྱུ་དང་། ཨ་རི་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཛམ་གླིང་གི་བཅོས་སྐྱོང་མ་ལག་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱ་འདོད་ཡོད་ཅེས་གསུངས་ཡོད།
དྲུག་པ། ཐུན་མོང་ཡིན་ཞིང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ཁ་ལ་གཏད་གཅོག་པའི་ཐད་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་བྱེད་དགོས་པ་དང་། གང་དེའི་དམིགས་བསལ་གྱི་དཀའ་ངལ་དང་དོ་ཁུར་བྱེད་སར་ལྟ་རྟོག་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་དཔའ་སེམས་དང་བྱ་སྤྱོད་དེ་བས་ཆེ་བ་བཟུང་དགོས་པ་དང་དུས་མཚུངས་སུ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་དང་། ལག་རྩལ། ནུས་པ་འཛུགས་སྐྱོང་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོས་འབྱུང་ཁམས་ཤེས་དཔལ་འདུ་ཤེས་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་གཉིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཡོངས་བཀོད་སྒྲིག་ནང་འཇུག་རྒྱུ་དང་། འབྱུང་ཁམས་སྔོན་འཇོག་དང་སྦགས་མེད་ཐན་ཉུང་གི་གོང་འཕེལ་ལམ་བུའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཀྲུང་གོས་སྤྱི་ལོ ༢༠༣༠ ལོའི་གོང་དུ་ཐན་འབུད་བཤངས་བྱེད་ཚད་རྩེ་གྲངས་སུ་སླེབས་པ་དང་། སྤྱི་ལོ ༢༠༦༠ ལོའི་གོང་དུ་ཐུན་རྒྱུ་འབུད་བཤངས་བྱེད་ཚད་བཏང་སྙོམ་ཐུབ་པ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པ་དང་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་རྒྱུར་གཞིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས་ཀྲུང་གོས་དོན་དེར་དཀའ་སྤྱད་འབད་འཐབ་བྱེད་དགོས། ཀྲུང་གོས་ཐན་འབུད་བཤངས་བྱེད་ཚད་རྩེ་གྲངས་སུ་སླེབས་པའི་བྱ་སྤྱོད་འཆར་གཞི་བཟོ་བཞིན་ཡོད་པ་དང་། ཐན་འབུད་བཤངས་བྱེད་ཚད་རྩེ་གྲངས་སུ་སླེབས་པར་བྱེད་པའི་བྱ་སྤྱོད་རྒྱ་ཁྱབ་ཐོག་སྤེལ་བཞིན་ཡོད་ལ། ཆ་རྐྱེན་ཡོད་པའི་ས་གནས་དང་གཙོ་གནད་ལས་རིགས། གཙོ་གནད་ཁེ་ལས་བཅས་རྩེ་གྲངས་དེར་སྔོན་ལ་སླེབས་པ་བྱ་རྒྱུ་རེད། ཀྲུང་གོས་རྡོ་སོལ་གློག་གི་རྣམ་གྲངས་ལ་ཚོད་འཛིན་ནན་པོ་བྱས་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་རྡོ་སོལ་ཚོད་འཛིན་བྱེད་པའི་འཛད་སྤྱོད་འཕར་སྣོན་ཡོང་བ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་རིམ་བཞིན་ཉུང་དུ་གཏོང་རྒྱུ་རེད་ཅེས་ནན་སྟོན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། འཛམ་གླིང་ཡོངས་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ནང་ཞུགས་མཁན་དང་ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་བྱེད་མཁན་བཅས་ཡིན་པའི་ངོས་ནས། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོ་ནས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་རྒྱུ་དང་། འབད་བརྩོན་ཆེན་པོས་འདྲ་མཉམ་ལུགས་མཐུན་དང་མཉམ་ལས་མཉམ་རྒྱལ་གྱི་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་ད་ལོའི་སྤྱི་ཟླ ༡༠ པར་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་ཞེས་པའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་འགན་གཉེར་བྱ་རྒྱུ་ཡིན་པ་དང་། ཕྱོགས་ཁག་དང་ལྷན་དུ་འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་བྱེད་རྒྱུ་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་རྣམ་པ་སྣ་ཚོགས་ཀྱི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་དངོས་དོན་མཉམ་ལས་བརྒྱུད་དེ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ནས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་རྒྱུར་འཇོན་ནུས་ཐད་ནས་རོགས་རམ་བྱེད་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་ད་དུང་འབྱུང་ཁམས་ཤེས་དཔལ་ཁྱབ་ཁོངས་ཀྱི་མཉམ་ལས་དེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ནང་དོན་གཙོ་བོར་བརྩིས་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་ཁག་གི་མི་དམངས་ལ་མུ་མཐུད་དེ་ཕན་བདེ་བསྐྲུན་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས། གནམ་གཤིས་ལ་འགྱུར་ལྡོག་བྱུང་བས་མིའི་རིགས་ལ་འཕྲད་པའི་འགྲན་རྩོད་ནི་དོན་དངོས་དང་། རྣོ་ངར་ཆེ་བ། ཡུན་རིང་བཅས་ཀྱི་འགྲན་རྩོད་ཅིག་ཡིན། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་སྒྲིལ་ཚེ། མིའི་རིགས་ཀྱིས་འཛམ་གླིང་གི་གནམ་གཤིས་ཁོར་ཡུག་འགྲན་རྩོད་ལ་ཁ་གཏད་ཡག་པོ་གཅོག་ཐུབ་ངེས་ཡིན་པ་དང་། དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བུ་རབས་ཚ་རྒྱུད་ལ་འཇོག་ཐུབ་རྒྱུར་ང་རང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་བསྟན་གནང་བ་རེད།
ཚོགས་ཞུགས་དབུ་ཁྲིད་མི་སྣས། གནམ་གཤིས་འགྱུར་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་པའི་ཐུན་མོང་འགྲན་རྩོད་དྲག་པོ་ཞིག་ཡིན་པས། འཛམ་གླིང་ཧྲིལ་པོས་མཉམ་ཤུགས་འདོན་ནས་ཁ་གཏད་གཅོག་དགོས། འཕྲལ་མ་ཉིད་དུ་བྱ་ཐབས་བཟུང་སྟེ། འབུད་བཤངས་བྱེད་ཚད་སྔར་བས་ཉུང་དུ་གཏོང་དགོས་པ་དང་། ལག་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་དགོས་པ། དྭངས་གཙང་ནུས་ཁུངས་གོང་འཕེལ་ཤུགས་ཆེར་གཏོང་བ། ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་དང་འཕར་གནས་ཀྱི་བར་ཁམས་དེ་བས་ཆེ་བ་གཏོད་རྒྱུ། སྦགས་མེད་དང་སྔར་བས་རྒྱུན་མཐུད་གོང་འཕེལ་ཡོང་བ་བྱས་ཏེ། མིའི་རིགས་ཀྱི་ཐུན་མོང་སྐར་མའི་གོ་ལར་སྲུང་སྐྱོང་བྱེད་རྒྱུ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐུབ་པ་བྱས་ཐོག བུ་རབས་ཚ་རྒྱུད་རྣམས་ལ་བདེ་སྐྱིད་བསྐྲུན་དགོས། ཁུན་མིང་གི་སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས་ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་བདེ་བླག་ངང་འཚོག་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཉམས་ཞན་རྒྱལ་ཁབ་དང་ཚོགས་པར་དེ་བས་དོ་ཁུར་བྱེད་དགོས་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་དེ་བས་མང་བ་བྱས་ཐོག ཁོང་ཚོས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་དང་འཚམ་མཐུན་ཡོང་རྒྱུར་རོགས་རམ་བྱེད་དགོས་ཞེས་བརྗོད་ཡོད་པ་རེད།
ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཀྲུང་གོའི་བྱེད་སྟངས་འདི་ལས་རྒྱལ་ཁབ་ཆེན་པོའི་འགན་སེམས་མངོན། ཞི་ཅིན་ཕིང་ནས་པོ་ཨའོ་ཨ་ཤེ་ཡའི་གླེང་སྟེཊ་ཐོག་འདི་སྐད་གསུངས། ཞི་ཅིན་ཕིང་གིས་ཆིང་ཧྭ་སློབ་ཆེན་དུ་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་རང་རྒྱལ་དུ་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་བ་གསར་པས་གོང་ཕུལ་ཞུས་པའི་རྒྱལ་ཡིག་བཞེས་གནང་བ།