གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་སྒོ་དབྱེ་བ་ལས་རྒྱག་མི་རུང་ཞེས་བསྟན་གནང་འདུག

སྤེལ་དུས་: 2021ལོ་07ཟླ་19ཚེས་ 13:13 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

སྤྱི་ཚེས ༡༦ ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་མཐོང་ལམ་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཞི་ཅིན་ཕིང་གིས། མིག་སྔར། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཡང་སེ་ཐོན་བཞིན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གནས་བབ་སྔར་བཞིན་ཛ་དྲག་པོ་ཡོད། དུས་མཚུངས་སུ་ཞི་བདེ་དང་གོང་འཕེལ་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡིན་པས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན། མཉམ་དུ་འགྲན་རྩོད་ལ་ཁ་གཏད་གཅོག་པ་བཅས་ཀྱི་འབོད་སྒྲ་ཤུགས་ཆེར་འགྲོ་བཞིན་ཡོད། ང་ཚོས་ན་ནིང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི ༢༠༤༠ ལོའི་མདུན་ལྗོངས་ལ་གྲོས་འཆམ་བྱས་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཅིག་མཐུན་མ་ལག་གི་དམིགས་འབེན་བཏོན་ཡོད། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ནི་འཛམ་གླིང་དཔལ་འབྱོར་འཕར་སྣོན་ཡོང་བའི་འགུལ་ཤུགས་གལ་ཆེན་ཞིག་རེད། རིམས་ནད་ལས་གང་མགྱོགས་རྣམ་པར་རྒྱལ་བ་དང་དཔལ་འབྱོར་འཕར་སྣོན་སླར་གསོ་ཡོང་བ། འཛམ་གླིང་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བ་བཅས་ནི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་ཡོངས་ཀྱི་མིག་སྔའི་གལ་འགངས་ཆེ་ཤོས་ཀྱི་ལས་འགན་ཡིན་ཏེ།

དེ་ཡང་དང་པོ། རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་དུང་ཕྱུར ༥ ཙམ་མཁོ་འདོན་བྱས་ཡོད། འབྱུང་འགྱུར་གྱི་ལོ་གསུམ་རིང་ད་དུང་ཨ་སྒོར་དུང་ཕྱུར ༣༠ ཡི་རྒྱལ་སྤྱིའི་རོགས་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་རིམས་འགོག་སྨན་ཁབ་ཀྱི་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་ལྷིང་དང་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་འགག་རྩའི་དངོས་ཟོག་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་མཉམ་ལས་གྲོས་ཆོད་ནང་ཧུར་ཐག་ཞུགས་ནས་ནུས་ལྡན་བྱ་ཐབས་བཟུང་སྟེ་མི་སྣ་བདེ་ཐང་དང་བདེ་འཇགས་ལྡན་པའི་སྒོ་ནས་འགྲོ་འོང་བྱ་རྒྱུར་འགན་སྲུང་བྱ་རྒྱུ་ཡིན། ཀྲུང་གོས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ལ་དངོས་ཟོག་ཞལ་འདེབས་སུ་ཕུལ་ནས་རིམས་ནད་ལ་ཁ་གཏད་གཅོག་པ་དང་དཔལ་འབྱོར་སླར་གསོ་བྱེད་པའི་ཐེབས་རྩ་བཙུགས་ཡོད།

གཉིས་པ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་འགྱུར་ཚད་ཟབ་ཏུ་གཏོང་བ། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་ལྟེ་བ་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་བྱེད་དགོས། གྱང་བཤིག་པ་ལས་བརྩིག་མི་རུང་། སྒོ་དབྱེ་བ་ལས་རྒྱག་མི་རུང་། མཉམ་འདྲེས་བྱེད་པ་ལས་ཁ་ཕྲལ་མི་རུང་། སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ལྡོག་ཕྱོགས་ཀྱི་ནུས་པ་འགོག་པ། གྲངས་གཞིའི་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གང་མགྱོགས་ཆུ་ཚད་མཐོ་བའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་གཏོད་དགོས། ཀྲུང་གོས་ས་ཁོངས་ཁྱོན་ཡོངས་དཔལ་འབྱོར་རོགས་ཟླའི་གྲོས་ཆོད་ཀྱི་ཞིབ་དཔྱད་ལས་དོན་སྔོན་ལ་བསྒྲུབས་ཟིན་པས་ལོ་འདིའི་ནང་དངོས་སུ་ནུས་འབྲས་ཐོན་པའི་རེ་སྒུག་བྱེད་བཞིན་ཡོད།

གསུམ་པ། ཁོག་ཡངས་དང་རྒྱུན་མཐུད་གོང་འཕེལ་རྒྱུན་འཁྱོངས་བྱེད་དགོས། མི་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་སྦགས་མེད་འཕར་སྣོན་མངོན་འགྱུར་ཡོང་བ་བྱེད་དགོས། ཀྲུང་གོས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་པ་དང་། སྤྱི་ལོ ༢༠༣༠ ལོའི་གོང་དུ་ཐཱན་རྩེ་གྲངས་སུ་སླེབས་པ་དང་། སྤྱི་ལོ ༢༠༦༠ ལོའི་གོང་དུ་ཐཱན་བཏང་སྙོམས་ཡོང་རྒྱུའི་ཐད་འབད་བརྩོན་བྱེད་བཞིན་ཡོད། ཀྲུང་གོས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་རྒྱུན་མཐུད་གོང་འཕེལ་དང་དཔལ་འབྱོར་ལག་རྩལ་མཉམ་ལས་ལ་རྒྱབ་སྐྱོར་བྱས་ཏེ། ནུས་རྒྱུ་དེ་ནུས་མཐོ་དང་དྭངས་གཙང་། སྣེ་མང་བཅས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁོག་ཡངས་རང་བཞིན་གྱི་ཉོ་ཚོང་མ་འཇོག་ལ་སྐུལ་འདེད་གཏོང་བ། ཁེ་ལས་འབྲིང་ཆུང་གི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པ། བུད་མེད་སོགས་ཉམས་ཞན་མི་ཚོགས་ལ་ཟུར་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཐོག སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་ཁག་འབད་བརྩོན་ཆེན་པོས་དོན་འཁྱོལ་བྱེད་བཞིན་ཡོད།

བཞི་པ། ཚན་རྩལ་གསར་གཏོད་ཀྱི་གོ་སྐབས་གསར་པར་དམ་འཛིན་བྱེད་དགོས། གོ་ལའི་གྲངས་གཞིའི་དཔལ་འབྱོར་ནི་སྒོ་དབྱེ་དང་འབྲེལ་གཏུག་ཟབ་པའི་སྤྱི་ཡོངས་ཤིག་ཡིན་པས། མཉམ་ལས་མཉམ་རྒྱལ་ནི་ཡང་དག་པའི་ལམ་བུ་དང་། སྒོ་བཀག་གཞན་དོར་དང་ཁ་གཏད་དུ་ལངས་པ་ནི་ཐར་མེད་ལམ་དུ་སྐྱོད་པ་ཙམ་རེད། གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྒོ་དབྱེ་དང་གཞུང་དྲང་། མཐོང་ཆུང་མེད་པ་བཅས་ཀྱི་གྲངས་གཞིའི་ཚོང་གཉེར་ཁོར་ཡུག་འབད་པ་ཆེན་པོས་གཏོད་དགོས། ཀྲུང་གོས་གྲངས་གཞིའི་ནུས་པ་འཛུགས་སྐྱོང་གི་ཞིབ་བསྡུར་ཚོགས་འདུ་འཚོག་སྟེ་གྲངས་གཞིའི་ལག་རྩལ་གྱིས་ཡུལ་སྐོར་སླར་གསོ་སོགས་ཀྱི་མཉམ་ལས་གྲོས་ཆོད་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོས་སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་བཙུགས་ཟིན། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་གཏོད་པ་དང་། ཡིད་འགུག་ནུས་པ་དེ་བས་ཆེ་བའི་ཚོང་གཉེར་ཁོར་ཡུག་གཏོད་པ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་དང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་ཁག་དང་ཆུ་ཚད་དེ་བས་མཐོ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་མཇུག་ཏུ། ནེའུ་ཙེ་ལན་ལ་ཉི་མར་ཕྱོགས་ན་གྲིབ་གཟུགས་རིམ་གྱིས་ཡལ་ཞེས་པའི་མའོ་ལི་བའི་གཏམ་དཔེ་ཞིག་ཡོད། མིའི་རིགས་ཀྱིས་མཉམ་ལས་བྱས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་ངེས་ཡིན་པར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་ལ། འཛམ་གླིང་དཔལ་འབྱོར་སླར་ཡོང་བའི་མདུན་ལྗོངས་ལའང་ཡིད་ཆེས་ཀྱིས་ཁེངས་ཡོད། དེ་བས་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ང་ཚོས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས། ལག་གདང་དཔུང་སྦྲེལ་གྱིས་རིམས་འགོག་མཉམ་ལས་དང་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་བཏང་སྟེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དར་རྒྱས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་གཏོད་མཉམ་སྤྱོད་བྱེད་དགོས་ཞེས་གསུངས་ཡོད།

ཐེངས་འདིའི་གྲོས་ཚོགས་ནི་ད་ལོའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་སྦྱིན་བདག་རྒྱལ་ཁབ་ནེའུ་ཙེ་ལན་གྱིས་གྲོས་འགོ་ལྟར་བརྙན་མཐོང་ལམ་ནས་འཚོགས་པ་དང་། བརྗོད་བྱ་གཙོ་བོ་ནི་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྒྱབ་ལྗོངས་འོག ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་གོ་སྐབས་དམ་འཛིན་ཇི་ལྟར་བྱེད་པ་དང་མཉམ་ལས་ཐོག་ནས་འཕྲོད་བསྟེན་ཉམས་ཉེན་ལ་ཁ་གཏད་གཅོག་པ། དཔལ་འབྱོར་སླར་གསོ་མགྱོགས་སུ་གཏོང་བ། འབྱུང་འགྱུར་གོང་འཕེལ་ལ་རྨང་གཞི་ཡག་པོ་གདིང་བ་བཅས་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་དབུ་ཚོཊ་དེའི་ཐོག་བརྗོད་གཙོའི་གསུང་བཤད་གནང་འདུག ཞི་ཅིན་ཕིང་གི ༧.༡ གསུང་བཤད་ལ་ལན་ཆ་ཧ་ཅང་ཡག་པོ་བྱུང་བ། ཏང་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བའི་རྟེན་འབྲེལ་ཚོགས་ཆེན། མདང་ནུབ་པེ་ཅིང་དུ་རིག་རྩལ་འཁྲབ་སྟོན་འདི་འདྲ་ཞིག་གཉེར་འདུག