གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་གྲོས་མོལ་ཐེངས་བཅུ་གསུམ་པའི་ཐོག་གལ་ཆེའི་གསུང་བཤད་གནང་བ།

སྤེལ་དུས་: 2021ལོ་09ཟླ་10ཚེས་ 16:25 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་གྲོས་མོལ་ཐེངས་བཅུ་གསུམ་པ་སྤྱི་ཚེས ༩ ཉིན་གྱི་དགོང་མོ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་ཡོད་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས། པ་ཙེར་གྱི་ཙུང་ཐུང་པོ་སོ་རྣ་ལུའོ། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིན་བཅས་ཚོགས་འདུར་ཞུགས་ཡོད་པ་དང་། རྒྱ་གར་གྱི་ཙུང་ལི་མོ་ཏེས་གྲོས་མོལ་གཙོ་སྐྱོང་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ད་ལོ་ནི་འབོ་གསེར་རྒྱལ་ཁབ་བར་མཉམ་ལས་བྱས་ནས་ལོ་ངོ་ ༡༥ འཁོར་བའི་ལོ་ཡིན། ལོ་ངོ་ ༡༥ སོང་རིང་། རྒྱལ་ཁབ་ལྔ་པོས་སྒོ་དབྱེ་ཁོང་ཡངས་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། འཐབ་ཇུས་འབྲེལ་ལམ་འཛུགས་རྒྱུ་དང་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཆེ་རུ་བཏང་བ་དང་། ཕན་ཚུན་གྱི་སྤྱི་ཚོགས་ལམ་ལུགས་དང་གོང་འཕེལ་འགྲོ་ལམ་ལ་བརྩི་འཇོག་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་དང་རྒྱལ་ཁབ་བར་མཉམ་གནས་བྱེད་པའི་ཡང་དག་པའི་འགྲོ་ལམ་འཚོལ་ཞིབ་བྱས་པ་དང་། དངོས་སྒྲུབ་གསར་གཏོད་དང་མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། གོང་འཕེལ་གྱི་ཐབས་ཇུས་འབྲེལ་མཐུད་དང་། ཕན་ཚུན་གྱི་བཟང་ཆ་འདོན་སྤེལ་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཐུན་མོང་གོང་འཕེལ་གྱི་འགྲོ་ལམ་ཐོག་དཀའ་སྤྱད་མདུན་སྐྱོད་བྱས་པ་དང་། དྲང་སྙོམས་དྲང་བདེན་དང་རང་གཞན་གཉིས་ཕན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། གོ་ལའི་བཅོས་སྐྱོང་ནང་ཞུགས་པ་བཅས་བྱས་ཏེ། རྒྱལ་སྤྱིའི་གར་སྟེགས་ཐོག་སྣང་མེད་གཏོང་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་འདི་ཤར་ཚུན། རྒྱལ་ཁབ་ལྔ་པོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་གསོད་བྱས་པ་དང་། འབོ་གསེར་རྒྱལ་ཁབ་མཉམ་ལས་གོང་འཕེལ་གྱི་གནས་བབ་རྒྱུན་འཁྱོངས་ལ་སྐུལ་འདེད་བཏང་བས། ཁྱབ་ཁོངས་མང་པོའི་ནང་འཕེལ་རིམ་གསར་པ་ཐོན་ཡོད། དཀའ་ངལ་གང་ཞིག་འཕྲད་ནའང་སེམས་པ་གཅིག་ཏུ་ཕྱོགས་ཐུབ་པ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པ་ཡིན་ན། འབོ་གསེར་མཉམ་ལས་གོམ་པ་བརྟན་པོས་རྒྱང་རིང་དུ་བསྐྱོད་ཐུབ་ངེས་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་བྱུང་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་ཁ་བྱང་དུ་༼ལག་གདང་སྦྲེལ་ནས་འབོ་གསེར་མཉམ་ལས་བྱེད། ཐུན་མོང་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག༽ཅེས་པའི་གསུང་བཤད་གལ་ཆེན་གནང་ཡོད།

ཞི་ཅིན་ཕིང་གིས། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ཀྱིས་སྔར་བཞིན་འཛམ་གླིང་ལ་རྡབ་གསིག་བཟོ་བཞིན་ཡོད་པ་དང་། འཛམ་གླིང་དཔལ་འབྱོར་སླར་གསོ་དཀའ་ཚེགས་ཆེ་ལ་རྙོག་འཛིང་ཆེ་བ། རྒྱལ་སྤྱིའི་སྒྲིག་ལམ་རིམ་འགྱུར་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བ་བཅས་ཡིན། འགྲན་རྩོད་ཀྱི་མདུན་དུ། འབོ་གསེར་རྒྱལ་ཁབ་ཀྱིས་འགན་སེམས་གསལ་པོར་མངོན་པའི་ཐོག་ནས་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ཆེད་དུ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

ང་ཚོས་མིང་དོན་མཚུངས་པའི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་གནང་བའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས།

ང་ཚོས་འཛམ་གླིང་ཡོངས་མཐུན་སྒྲིལ་བྱས་ནས་རིམས་འགོག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་རིམས་ནད་ལ་ཁ་གཏད་གཅོག་པ། ཚན་རིག་དང་མཐུན་པའི་སྒོ་ནས་འབྱུང་རྩ་ཕུགས་འདེད་བྱེད་རྒྱུར་སྐུལ་འདེད་གཏོང་བ། ཆབ་སྲིད་ཅན་དང་བསྙད་འདོགས་ཅན་དུ་བསྒྱུར་རྒྱུར་ངོ་རྒོལ་བྱེད་པ། མཉམ་འགོག་མཉམ་སྡོམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ཤིག་ལ་བརྩིས་ནས་ཞིབ་བཟོ་དང་། ཐོན་སྐྱེད། གཞུང་དྲང་བགོ་འགྲེམ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

ང་ཚོས་སྒོ་འབྱེད་དང་གསར་གཏོད་བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་རྒྱུར་རམ་འདེགས་བྱེད་པ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་རྨང་གཞི་བྱེད་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་ཚན་རིག་གོང་འཕེལ་གྱི་གྲུབ་འབྲས་གསར་ཤོས་ཀྱིས་རྒྱལ་ཁབ་ཚང་མར་ཕན་ཐོགས་ཡོང་བ་དང་། དཔལ་འབྱོར་གོ་ལ་ཅན་དེ་དེ་བས་སྒོ་འབྱེད་དང་། དེ་བས་ཁོང་ཡངས། དེ་བས་ཕན་འདོགས་པ། དེ་བས་དོ་སྙོམས། དེ་བས་མཉམ་རྒྱལ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།

ང་ཚོས་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་ལྟ་བ་རྒྱུན་འཁྱོངས་བྱས་ནས། སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཐུན་མོང་ཡིན་ལ་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་ལ་གཞིགས་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། སྦགས་མེད་ཐཱན་ཉུང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐུན་མོང་ཐོག་ལྷད་མེད་མཛེས་སྡུག་གི་འཛམ་གླིང་མཉམ་སྐྲུན་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་མིག་སྔའི་དུས་བབ་འོག་ང་ཚོས་དད་སེམས་བརྟན་གཏོང་དང་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱབ་ནས། འབོ་གསེར་དངོས་སྒྲུབ་མཉམ་ལས་སྤུས་ཚད་མཐོ་བའི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས་གྲོས་འགོ་ཁག་ལྔ་བཏོན་གནང་བ་སྟེ།

དང་པོ། ཕྱར་བ་གྲུ་འདེགས་རྒྱུན་འཁྱོངས་བྱས་ནས་སྤྱི་པའི་འཕྲོད་བསྟེན་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། དགོས་ངེས་ཀྱི་ཆབ་སྲིད་འགན་འཁྲི་ཁུར་ནས་རིམས་ནད་འགོག་བཅོས་ཐད་འབད་བརྩོན་བྱེད་པར་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རིམས་ནད་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་པ། རིམས་ནད་འགོག་བཅོས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་དགོས། རིམས་འགོག་སྨན་ཁབ་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་སྤེལ་དང་། མཉམ་ལས་ཐོན་སྐྱེད། ཚད་གཞི་ཕན་ཚུན་ཁས་ལེན་སོགས་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱས་ནས། འབོ་གསེར་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ལྟེ་གནས་དྲ་ཐོག་ཏུ་གང་མགྱོགས་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། སྲོལ་རྒྱུན་གྱི་སྨན་བཅོས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རིམས་ནད་འགོག་བཅོས་ཐད་བྱ་ཐབས་དེ་བས་མང་བ་མཁོ་འདོན་བྱེད་དགོས།

གཉིས་པ། དྲང་གཞག་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས་རིམས་འགོག་སྨན་ཁབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོས་དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་དང་དེ་མཚུངས་ཀྱི་ལག་རྩལ་རྒྱབ་སྐྱོར་བྱས་ཏེ། རིམས་འགོག་སྨན་ཁབ་བགོ་བཤའ་དྲང་གཞག་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་རིམས་ནད་འགོག་བཅོས་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས། མིག་སྔའི་བར། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས ༡༠༠ ལྷག་ཙམ་ལ་རིམས་འགོག་སྨན་ཁབ་དང་མ་བཅོས་གཤེར་གཟུགས་དུང་ཕྱུར ༡༠ ལྷག་ཙམ་མཁོ་འདོན་བྱས་ཡོད་པ་དང་། ལོ་ཧྲིལ་པོར་ཕྱི་ཕྱོགས་སུ་རིམས་འགོག་སྨན་ཁབ་དུང་ཕྱུར ༢༠ མཁོ་འདོན་བྱ་རྒྱུ་ཡིན། ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞིར་ཨ་སྒོར་དུང་ཕྱུར ༡ ཞལ་འདེབས་བརྒྱབ་པའི་རྨང་གཞིའི་ཐོག་ད་ལོ་ཀྲུང་གོས་སླར་ཡང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིན་མེད་ངང་སྨན་ཁབ་དུང་ཕྱུར ༡ ཞལ་འདེབས་རྒྱག་རྒྱུ་ཡིན་པ་ང་རང་ནས་ཁྱབ་བསྒྲགས་བྱ་རྒྱུ་ཡིན།

གསུམ་པ། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ༼སྤྱི་ལོ ༢༠༢༥ ལོའི་འབོ་གསེར་རྒྱལ་ཁབ་ཀྱི་དཔལ་འབྱོར་རོགས་ཟླའི་འཐབ་ཇུས༽དོན་འཁྱོལ་ཡག་པོ་བྱས་ནས། ཉོ་ཚོང་དང་མ་འཇོག ཚན་རྩལ་གསར་གཏོད། སྦགས་མེད་ཐཱན་ཉུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་མཐོ་རིམ་ཚོགས་འདུ་དང་འབོ་གསེར་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲངས་གཞི་ཆེན་མོའི་གླེང་སྟེགས་འཚོག་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། གསར་སྤེལ་དངུལ་ཁང་གསར་པའི་ཁོངས་གཏོགས་རྒྱ་སྐྱེད་གཏོང་བའི་ཐད་གྲུབ་འབྲས་དངོས་ཐོབ་པར་དགའ་བསུ་ཞུ་རྒྱུ་དང་། དངུལ་ཁང་གིས་ཁོངས་ཞུགས་རྒྱལ་ཁབ་ཀྱི་གོང་འཕེལ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དང་དངུལ་རྩའི་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ཐད་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུར་རེ་སྒུག་བྱ་རྒྱུ་ཡིན། འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བ་ཞ་མོན་གྱི་གསར་གཏོད་རྟེན་གཞི་དངོས་སུ་སྤྱོད་འགོ་ཚུགས་ཡོད་པས། འབོ་གསེར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་བཟོ་ཚོང་ལས་རིགས་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

བཞི་པ། དྲང་གཞག་དྲང་བདེན་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་བདེ་འཇགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། འབོ་གསེར་རྒྱལ་ཁབ་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྲ་བརྟན་དུ་བཏང་ནས་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཕྱི་འབྲེལ་པུའུ་ཀྲང་གི་ཐུག་འཕྲད་དང་བདེ་འཇགས་ལས་དོན་གྱི་མཐོ་རིམ་འཐུས་མིའི་ཚོགས་འདུ་སོགས་ཀྱི་ལམ་སྲོལ་ཡག་པོ་སྤྱད་དེ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ལངས་ཕྱོགས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འབོ་གསེར་གྱི་ལྟ་ཚུལ་དེ་བས་མང་བ་འདོན་དགོས།

ལྔ་པ། ཕན་ཚུན་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་མནའ་འབྲེལ་འཛུགས་རྒྱུ་དང་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་གཉེར་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། ཀྲུང་གོས་ད་དུང་འབོ་གསེར་རྒྱལ་ཁབ་ཀྱི་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་བགྲོ་གླེང་ཚོགས་འདུ་དང་མི་ཆོས་རིག་གནས་སྤེལ་རེས་གླེང་སྟེགས་འཚོགས་རྒྱུ་དང་། རྒྱལ་ཁབ་ལྔའི་སྨྱན་སྦྱོར་དྲ་ཐོག་གི་གསོ་སྦྱོང་འཛིན་གྲྭ་གཉེར་རྒྱུ་ཡིན། སང་ལོའི་ལོ་འགོར། ཀྲུང་གོས་པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨའོ་རྩལ་འགྲན་ཚོགས་གཙོ་གཉེར་བྱ་རྒྱུ་ཡིན་པས། འབོ་གསེར་རྒྱལ་ཁབ་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་ལུས་རྩལ་པ་ཚོས་མཉམ་དུ་འགྲན་བསྡུར་བྱས་ནས་གྲུབ་འབྲས་བཟང་པོ་ཐོབ་རྒྱུའི་རེ་སྒུག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། དཔྱོད་ལྡན་པས་དུས་དང་བསྟུན་ནས་བྱ་ཐབས་ལ་འགྱུར་བ་གཏོང་བ་དང་། མཁས་པས་ལས་ཀའི་འཕེལ་ཕྱོགས་དང་བསྟུན་ནས་བྱ་ཐབས་གཏན་འཁེལ་བྱེད་ཀྱི་ཡོད། ང་ཚོས་འབོ་གསེར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་དུས་བསྟུན་འཕེལ་རྒྱས་ཡོང་བ་བྱེད་དགོས། ང་ཚོའི་ཐུན་མོང་གི་འབད་བརྩོན་འོག འབོ་གསེར་ལམ་སྲོལ་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། དུས་སང་། ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་དང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་བཞི་པ་གཙོ་གཉེར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རོགས་ཟླ་དང་མཉམ་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། དེ་བས་དམ་ཟབ་དང་དེ་བས་དངོས་སྒྲུབ་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་ལྔའི་འགོ་ཁྲིད་པས་འབོ་གསེར་རྒྱལ་ཁབ་ཀྱི་ལོ་ངོ་ ༡༥ སྟེ། འབོ་གསེར་མཉམ་ལས་བྱས་ནས་རྒྱུན་མཐུད་དང་། སྲ་བརྟན། ཐུན་མོང་ངོས་འཛིན་བཅས་ལ་སྐུལ་འདེད་གཏོང་ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྤེལ་རེས་གཏིང་ཟབ་གནང་བ་དང་། ༼འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་གསུམ་པའི་རྡི་ལི་གསར་པའི་བསྒྲགས་གཏམ་༽ལ་གྲོས་འཆམ་བྱུང་ཡོད།

རྒྱལ་ཁབ་ལྔའི་འགོ་ཁྲིད་པས་འབོ་གསེར་མཉམ་ལས་བྱས་ནས་ལོ་ངོ་ ༡༥ རིང་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད། ལོ་འདི་ཤར་ཚུན་སྔར་བྱུང་མ་མྱོང་བའི་འགྲན་རྩོད་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ལ་དམིགས་ནས། རྒྱལ་ཁབ་ལྔ་པོས་ལག་གདང་སྦྲེལ་ནས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱས་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་རྒྱུར་སྐུལ་འདེད་བཏང་བས། གསར་དར་དཔལ་འབྱོར་མ་ལག་རྒྱལ་ཁབ་ཀྱི་གནས་བབ་མཐོ་རུ་ཕྱིན་ཡོད།

མུ་མཐུད་ཐུན་མོང་ཐོག་འབད་བརྩོན་ཆེན་པོས་འབོ་གསེར་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ་འབོ་གསེར་མཉམ་ལས་ལ་དངོས་གཉེར་གྲུབ་འབྲས་སྔར་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གནང་ཡོད། རྒྱལ་ཁབ་ལྔའི་འགོ་ཁྲིད་པས། གོ་ལ་ཧྲིལ་པོ་མཐུན་སྒྲིལ་བྱས་ཏེ་རིམས་ནད་འགོག་བཅོས་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ནད་དུག་ཕུགས་འདེད་ཆབ་སྲིད་ཅན་དུ་འགྱུར་རྒྱུར་ངོ་རྒོལ་བྱེད་པ། སྤྱི་པའི་འཕྲོད་བསྟེན་དང་རིམས་འགོག་སྨན་ཁབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རིམས་འགོག་སྨན་ཁབ་གཞུང་དྲང་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། གོ་ལའི་དཔལ་འབྱོར་སླར་གསོ་ཤུགས་ཆེན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྱི་དམིགས་འབེན་མངོན་འགྱུར་ཡོང་གང་ཐུབ་བྱེད་འདོད་ཡོད། ཕྱོགས་ཁག་གིས་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བསྐྱར་བསྒྲགས་བྱས་ནས་ཕྱོགས་རྐྱང་པའི་རིང་ལུགས་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་ཁག་གིས་ཕན་ཚུན་རང་ཚུགས་དང་བདག་དབང་། འདྲ་མཉམ་བཅས་ལ་བརྩི་བཀུར་བྱ་རྒྱུའི་འདོད་ཚུལ་འཛིན་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གནམ་གཤིས་འགྱུར་ལྡོག་ལ་མཉམ་དུ་ཁ་གཏད་གཅོག་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། པ་ཙེར་དང་། ཨུ་རུ་སུ། རྒྱ་གར། ལྷོ་ཨ་ཧྥེ་རི་ཁ་བཅས་ཀྱིས་ཀྲུང་གོས་པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་གཙོ་གཉེར་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཀྲུང་གོའི་སྤྱི་ལོ ༢༠༢༢ ལོའི་འབོ་གསེར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་བཞི་པ་གཙོ་གཉེར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

རྒྱལ་ཁབ་ལྔའི་འགོ་ཁྲིད་པས་ད་དུང་འབོ་གསེར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བའི་ལས་དོན་སྙན་ཞུ་གསན་གནང་ཡོད།

ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་ཐུག་འཕྲད་ནང་ཞུགས་ཡོད་པ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞལ་འཛོམས་ཐེངས་བཅུ་གསུམ་པ་སྤེལ། ཞི་ཅིན་ཕིང་འགོ་ཁྲིད་པའི་གྲོས་ཚོགས་འདི་ལ་ཞུགས་རྒྱུ་རེད་འདུག ཞི་ཅིན་ཕིང་ནས་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་ལས་བྱེད་པ་གཞོན་དར་གྱི་གསོ་སྦྱོང་འཛིན་གྲྭའི་ཐོག་གལ་ཆེའི་གསུང་བཤད་གནང་བ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོཌ་འཚོཌ་ཏེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་དྲུག་པ་འཚོཌ་རྒྱུ་གཏན་ཁེལ་བྱས་པ།