གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་ལས་བྱེད་པ་གཞོན་དར་གྱི་གསོ་སྦྱོང་འཛིན་གྲྭའི་ཐོག་གལ་ཆེའི་གསུང་བཤད་གནང་བ།

སྤེལ་དུས་: 2021ལོ་09ཟླ་02ཚེས་ 12:30 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ལོ ༢༠༢༡ ལོའི་སྟོན་དུས་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་ལས་བྱེད་པ་གཞོན་དར་གྱི་གསོ་སྦྱོང་འཛིན་གྲྭ་སྤྱི་ཟླ ༩ པའི་ཚེས ༡ ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭར་འགོ་ཚུགས་ཡོད།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ།ལས་བྱེད་པ་ན་གཞོན་ཚོ་ནི་རླབས་ཆེན་གྱི་དུས་རབས་འདིར་སྐྱེས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་གཙོ་ཤུགས་དམག་ཡིན་པས་ངེས་པར་དུ་ནང་བསམ་པའི་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བ་དང་། བློ་སྦྱོང་མཐོ་རུ་བཏང་སྟེ་དད་མོས་བརྟན་གཏོང་དང་ཏང་ལ་བློ་དཀར་སེམས་དཀར་བྱེད་དགོས།དོན་དངོས་ལ་བརྩི་མཐོང་དང་དངོས་ཐོག་བདེན་འཚོལ། འགན་འཁྲི་འཁུར་ཕོད་པ་དང་། ལས་ཀ་བསྒྲུབ་མཁས་པ། རྩ་དོན་རྒྱུན་འཁྱོངས་དང་། འཐབ་རྩོད་བྱེད་ཕོད་པ། སྒྲིག་སྲོལ་བརྟན་སྲུང་དང་མཐའ་ཐིག་ལས་མི་བརྒལ་བ། དཀའ་སྤྱད་སྦྱོང་བརྡར་དང་འཇོན་ཐང་ཆེ་རུ་གཏོང་བ། བཀོལ་སྤྱོད་ཆེན་པོ་ཐུབ་ཅིང་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་རྐང་འཛིན་པར་འགྱུར་བ་བཅས་བྱས་ཐོག ཏང་དང་མི་དམངས་ཀྱི་རེ་བ་དང་མངགས་བཅོལ་ཆུད་ཟོས་སུ་གཏོང་མི་ཉན་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་འཛིན་གྲྭའི་འགོ་ཚུགས་མཛད་སྒོར་ཞུགས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་སོང་རིང་།ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་ཕུགས་བསམ་དང་སྲ་ཤིང་བརྟན་པའི་དད་མོས་ཡོད་པའི་ཏང་ཞིག་རེད། ཕུགས་བསམ་གྱི་དད་མོས་འདི་ནི་མར་ཁེ་སི་རིང་ལུགས་ཀྱི་དད་མོས་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་འདུན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་བཅས་དང་།ཕུགས་བསམ་གྱི་དད་མོས་འདི་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་བསམ་པའི་ཀ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་རེད་ལ། ཏང་གི་མཐུན་སྒྲིལ་གཅིག་འགྱུར་རྒྱུན་འཁྱོངས་བྱེད་པའི་བསམ་པའི་རྨང་གཞི་ཡང་རེད།ཏང་ཡོན་ལས་བྱེད་པར་སྲ་ཞིང་བརྟན་པའི་ཕུགས་བསམ་གྱི་དད་མོས་ཡོད་ན། གཞི་ནས་ཚོད་བགམ་འདྲ་མིན་ཐེག་ཐུབ་ལ། བརྟན་ཐོག་རྒྱང་བགྲོད་ཀྱང་བྱེད་ཐུབ། ཕུགས་བསམ་གྱི་དད་མོས་མེད་པའམ་ཕུགས་བསམ་གྱི་དད་མོས་བརྟན་པོ་མེད་ན། དྲག་ཆར་རླུང་འཚུབ་ཁྱད་བསད་བྱེད་མི་ཐུབ་ལ། འགག་རྩའི་དུས་སུ་སྒེར་སེམས་ཀྱི་གཡོག་ཏུའང་སོང་ཞིང་། ཐ་ན་གཡུལ་ས་ནས་བྲོས་བྱོལ་འགྲོ་ཉེན་ཡོད། སྲ་ཞིང་བརྟན་པའི་ཕུགས་བསམ་གྱི་དད་མོས་གྲུབ་པ་བྱེད་པ་འདི་ནི་འཕྲལ་མར་གྲུབ་པ་ཞིག་མིན་ལ། དཀའ་བ་སྤྱོད་ཐེངས་གཅིག་ལ་གྲུབ་པ་ཞིག་ཀྱང་མིན་པར། འདི་ནི་འཐབ་རྩོད་ཀྱི་ལག་ལེན་ཁྲོད་དུ་རྒྱུན་ཆད་མེད་པར་དཀའ་སྤྱད་འབད་འཐབ་དང་ཚོད་བགམ་མང་པོ་ཐེག་པ་ལས་བྱུང་བ་ཞིག་ཡིན།གཞོན་ནུ་ལས་བྱེད་པས་ཕུགས་བསམ་གྱི་དད་མོས་བརྟན་པོ་འཛུགས་རྒྱུ་དེ་ཚེ་གང་གི་འབད་འཐབ་དམིགས་འབེན་དུ་བཟུང་ནས་རྒྱུན་དུ་གསོ་སྦྱོང་བྱས་ཏེ་ཚེ་གང་ཡིད་ཆེས་དང་ཚེ་གང་བརྟན་སྲུང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཕུགས་བསམ་གྱི་དད་མོས་བརྟན་པོ་དང་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་བར་འབྲེལ་བ་དམ་ཟབ་ཡོད། ཕུགས་བསམ་གྱི་དད་མོས་བརྟན་པོ་བྱུང་ན་གཞི་ནས་ཏང་ལ་བློ་དཀར་སེམས་དཀར་བྱེད་ཐུབ། ཏང་ལ་བློ་དཀར་སེམས་དཀར་བྱེད་པ་འདི་ནི་ཕུགས་བསམ་གྱི་དད་མོས་བརྟན་པོའི་འགྲེལ་བརྗོད་ཡག་ཤོས་དེ་རེད། ཏང་ཡོན་ལས་བྱེད་པས་ཏང་ལ་བློ་དཀར་སེམས་དཀར་ཡིན་མིན་བརྡར་ཤ་གཅོད་དགོས་ན།གསར་བརྗེའི་ལོ་ཟླར་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་གདོང་མཆོང་དཔུང་གཏོར་དང་།འཆི་གསོན་གཏིང་བརྗེད་དུ་གཏོང་ཐུབ་མིན་ལ་བལྟ་དགོས། དེ་བས་ཀྱང་ཞི་བདེའི་དུས་སྐབས་སུའང་ཁ་གསལ་བའི་ཞིབ་དཔྱད་ཚད་གཞི་ཡོད། དཔེར་ན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་ཐུབ་མིན་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་འགྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཐུབ་མིན། རང་རྟོགས་ངང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་འགྱུར་བྱེད་ཐུབ་མིན། ཏང་གི་རིགས་གཞུང་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ལག་ལེན་མཐར་ཕྱིན་པ་བྱེད་ཐུབ་མིན། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་ཐུབ་མིན། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་ཐུབ་མིན། ཆབ་སྲིད་ཐད་ཀྱི་བསམ་ཤེས་པ་ཞིག་དང་མི་དྲང་པོ་ཞིག་བྱེད་ཐུབ་མིན། ཏང་དང་མི་དམངས་ཀྱི་བྱ་གཞག་ཡོད་ཚད་ལས་མཐོ་བ་རྒྱུན་འཁྱོངས་བྱེད་ཐུབ་མིན། རང་རྟོགས་ངང་རྩ་འཛུགས་ཀྱི་ཐག་གཅོད་ལག་བསྟར་བྱེད་ཐུབ་མིན། རྩ་འཛུགས་ཀྱི་བཀོད་སྒྲིག་ལ་ཉན་མི་ཉན་སོགས་ཧ་ཅང་མང་པོ་ཡོད་པ་དེ་དག་ཚང་མ་ནི་ཏང་ལ་བློ་དཀར་སེམས་དཀར་ཡིན་མིན་ཞིབ་དཔྱད་བྱེད་པའི་ཚད་གཞི་ཤ་སྟག་རེད།རྩ་འཛུགས་ཀྱིས་ལས་བྱེད་པ་གཞོན་ནུ་དཀའ་ཚེགས་ཆེ་བའི་ཐག་རིང་ས་ཁུལ་དུ་ལས་དོན་བསྒྲུབ་པར་མངགས་པ་འདི་ནི་ཡིད་ཆེས་བྱས་པ་ཞིག་རེད་ལ། དེ་བས་གསོ་སྐྱོང་བྱས་པ་ཞིག་ཀྱང་རེད། གཞོན་ནུ་ལས་བྱེད་པས་དེ་གཟི་བརྗིད་དུ་བརྩི་ནས་ཚ་ཚ་འུར་འུར་ངང་བརྩོན་ལེན་བྱེད་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཡོད་ཚད་དོན་དངོས་ལ་གཞི་ཚུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་འདི་ནི་ང་ཚོས་གནད་དོན་ལ་བསམ་བློ་གཏོང་བ་དང་འཐབ་ཇུས་བཀོད་པ། བྱ་དོན་བསྒྲུབ་པ་བཅས་ཀྱི་ཐོག་མའི་ཀུན་སློང་དང་མཇུག་བསྡུ་ས་རེད།དོན་དངོས་ལ་གཞིགས་རྒྱུ་རྒྱུན་འཁྱོངས་བྱེད་པར་སྔོན་འགྲོ་ནི་དོན་དངོས་ལ་ཟབ་ཞུགས་དང་། དོན་དངོས་ལ་ཤེས་རྟོགས་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་དངོས་ཐོག་བདེན་འཚོལ་བྱེད་ཐུབ། དོན་དངོས་ལ་ཤེས་རྟོགས་བྱེད་པར་བརྟག་དཔྱད་ཞིབ་འཇུག་བྱེད་པའི་གཞི་རྩའི་འཇོན་ནུས་དེ་དག་སྦྱོང་དགོས། རྒྱུན་དུ་གཞི་རིམ་དང་དམངས་ཀྱི་ཁྲོད་དུ་མང་ཙམ་ཟབ་སྐྱོད་བྱེད་པ་དང་ཐག་ཉེ་རིང་མེད་པར་ཟབ་སྐྱོད་བྱེད་པ།བཟང་ངན་དབྱེ་བ་མེད་པར་བལྟ་བ།ལས་བྱེད་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་དང་སྐྱོན་བརྗོད་ཚང་མར་ཉན་ཤེས་པ་བཅས་བྱས་ནས་གནས་ཚུལ་དངོས་ལ་རྒྱུས་མངའ་གཏིང་ཟབ་ལོན་པ་བྱེད་དགོས། ལུས་པོ་གཞི་རིམ་དུ་ཟབ་སྐྱོད་བྱེད་དགོས་ལ། དེ་བས་སེམས་པ་གཞི་རིམ་དུ་ཟབ་སྐྱོད་བྱེད་དགོས།སྐད་ཆ་ངོ་མར་ཉན་པ་དང་གནས་ཚུལ་དངོས་ལ་བརྟག་དཔྱད་བྱེད་དགོས། གནད་དོན་ལ་ཞིབ་འཇུག་དངོས་བྱེད་པ་དང་གནད་དོན་དངོས་ལ་ཞིབ་འཇུག་བྱེད་དགོས། ཕྱི་ཚུལ་རྣམ་པའི་བརྟག་དཔྱད་དང་། གཞོང་ལྗོངས་རྣམ་པའི་བརྟག་དཔྱད། ཐུག་ཙམ་བྱེད་པའི་བརྟག་དཔྱད་བཅས་བྱེད་མི་རུང་།དབྱེ་ཞིབ་དང་བསམ་བློ་གཏོང་བའི་ཐད་སེམས་ནུས་མང་ཙམ་བཏོན་ནས་སྙིགས་དོར་བཅུད་ལེན་དང་རྫུན་སྤངས་བདེན་འཛིན་བྱེད་པ།སྣང་ཚུལ་དེ་ནས་སྣང་ཚུལ་གཞན་མཐོང་བ་དང་། ཕྱིའི་རྣམ་པ་ནས་ནང་གི་ངོ་བོ་ཤེས་རྟོགས་ཐུབ་པ་བྱེད་པ། བྱ་དངོས་ཀྱི་ངོ་བོ་དང་ཆོས་ཉིད་འཚོལ་ཞིབ་ཐུབ་པ།གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་རྙེད་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། དོན་དངོས་ལ་གཞི་ཚུགས་རྒྱུ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱ་རྒྱུ་དེ་བསམ་བློ་གཏོང་སྟངས་ཀྱི་གནད་དོན་ཙམ་མ་ཡིན་པར། དེ་ནི་ཏང་གཤིས་ལེགས་མིན་གྱི་གནད་དོན་ཞིག་ཀྱང་རེད། མིག་སྔའི་ལས་བྱེད་པའི་དཔུང་ཁག་གི་དོན་དངོས་ནས་བལྟས་ཚེ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་ཐག་གཅོད་བྱེད་དགོས་པ་ནི་ཏང་གཤིས་ཀྱི་གནད་དོན་དེ་རེད། ལས་བྱེད་པས་དངོས་ཐོག་བདེན་འཚོལ་བྱེད་མིན་དེ་ཕྱོགས་མང་པོའི་ཐད་ནས་བལྟ་ཆོག་པ་དང་། ཆེས་རྩ་བར་གྱུར་པ་ནི་སྐད་ཆ་དྲང་པོ་དང་དོན་དག་ངོ་མ་ཤོད་པ་དང་། བྱ་བ་དངོས་སྒྲུབ་པ་དང་ཕན་འབྲས་དངོས་ཐོན་མིན་བཅས་ལ་བལྟ་དགོས། གཞོན་སྐྱེས་ལས་བྱེད་པས་ཏང་གཤིས་ལ་བརྟེན་ནས་བྱ་གཞག་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་གོས་པ་དང་། སྐད་ཆ་དྲང་པོ་ཤོད་པ་དང་། བྱ་བ་དངོས་སྒྲུབ་པ། མི་དྲང་པོ་བྱེད་པ་བཅས་ནི་ཏང་གཤིས་བློ་སྦྱོང་དང་སྦྱོང་བརྡར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། བདེན་དོན་རྒྱུན་འཁྱོངས་བྱེད་ཕོད་པ་དང་། རང་ཚུགས་ངང་བསམ་གཞིག་བྱེད་མཁས་པ། བདེན་འཚོལ་དངོས་གཉེར་རྒྱུན་འཁྱོངས་ཐུབ་པ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ལས་དོན་སྒྲུབ་པ་དང་ལས་ཀ་དང་དུ་ལེན་རྒྱུ་ནི་ལས་བྱེད་པའི་འགན་འཁྲི་ཡིན་ལ་རིན་ཐང་གནས་ས་ཡང་ཡིན། ཏང་གིས་ལས་བྱེད་པ་ལས་གནས་སོ་སོར་འཇོག་དོན་ནི་ཚང་མས་ལས་དོན་སྒྲུབ་འགན་འཁུར་བྱེད་ཡིན་པ་ལས། དཔོན་པོ་བྱས་ནས་བདེ་སྐྱིད་ལ་རོལ་རྒྱུ་དེ་མིན། བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་གསུམ་གྱི་ལས་ཀ་མང་པོ་དེ་འདྲ་ཡོད་པས། ལས་ཀ་ཡག་པོ་སྒྲུབ་པར་ཚང་མས་འགན་འཁྲི་འཁུར་དགོས་ལ་ལས་ཀ་ཡང་བྱེད་དགོས། འགན་འཁྲི་འཁུར་རྒྱུ་དང་ལས་ཀ་བྱེད་པ་གཉིས་གཞི་གཅིག་ཅན་ཡིན་ཏེ། ལས་ཀ་མ་བྱས་ན་འགན་འཁྲི་མ་འཁུར་བ་ཡིན་པ་དང་། ལས་ཀ་བྱས་ན་འགན་འཁུར་དགོས། ལས་ཀ་བྱེད་དུས་རྟག་ཏུ་ཉེན་ཁ་འཕྲད་སྲིད། ཉེན་ཁ་ཡོད་པའི་རྐྱེན་གྱིས་ད་གཟོད་འགན་འཁུར་དགོས། ཏང་དང་མི་དམངས་ལ་ཕན་པའི་བྱ་བ་ཞིག་ཡིན་ཕྱིན། ང་ཚོས་ལས་ཀ་བྱེད་དུས་དཀའ་ཉེན་ལས་མི་གཡོལ་བ་དང་། འགན་འཁྲི་ལས་མི་གཡོལ་བར། བློ་ཁོག་ཆེན་པོས་སྒྲུབ་པ་དང་བློ་ཐག་ཆོད་པོས་སྒྲུབ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ནི་གུང་ཁྲན་ཏང་མིའི་ཀུན་སྤྱོད་གལ་ཆེན་ཞིག་དང་ལས་བྱེད་པ་ཞིག་ཚད་དང་མཐུན་མིན་བསྡུར་ཞིབ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན། གུང་ཁྲན་ཏང་མིའི་ངོས་ནས་བཤད་ན། རྩོད་མེད་བདེ་སྡོད་བྱེད་མཁན་དེ་ནི་དངོས་འབྲེལ་གྱི་མི་ཡག་པོ་ཞིག་མིན། ཁ་དགྲ་མི་བཟོ་བའི་སྤྱོད་ཚུལ་འཛིན་མཁན་ལ་སྒེར་སེམས་ཁོ་ན་ལས་སྤྱི་སེམས་མེད་པ་དང་། མི་དཀྱུས་མ་ཞིག་ལས་སྤྱོད་བཟང་མི་ལྡན་པ། བཟང་པོ་བྱེད་ས་རང་ཉིད་ཁོ་ན་ཡིན་པ་ལས། གོམས་སྲོལ་དང་བྱ་གཞག་ལ་ལྟ་རྒྱུ་ཅི་ཡང་མེད། གུང་ཁྲན་ཏང་མིས་ཏང་གཤིས་ལ་སྣང་ཆེན་དང་རྩ་དོན་ལ་སྣང་ཆེན་བྱེད་པར་འཐབ་རྩོད་ལ་སྣང་ཆེན་བྱེད་དགོས། རྩ་དོན་གྱི་གནད་དོན་ཐད་ཟ་ཟིར་སླ་བཅོས་དང་ཕྱིར་བཤོལ་གཏན་ནས་བྱེད་མི་རུང་། དེ་འདྲ་བྱས་ན་ཏང་དང་མི་དམངས་ལ་འགན་མི་འཁུར་བ་དང་། ཐ་ན་ཉེས་པ་བསགས་པ་ཞིག་རེད། ཡིན་མིན་ཆེན་པོའི་མདུན་དུ་རྩ་དོན་ལ་སྣང་ཆེན་དགོས་པ་དང་། དོན་དག་ཆུང་རྩག་གི་ནང་དུའང་རྩ་དོན་ལ་སྣང་ཆེན་བྱ་དགོས་པའི་གནད་དོན་ཡོད། ཏང་གི་ལས་བྱེད་པ་ཚང་མར་དྲང་གཞག་གིས་བྱ་བ་སྒྲུབ་པའི་སྙིང་སྟོབས་དང་ཉེ་རིང་ཕྱོགས་ལྷུང་མེད་པའི་སྙིང་སྟོབས་ཡོད་དགོས་ཤིང་། རྩ་དོན་ལ་སྣང་ཆེན་བྱེད་པ་ལས་ངོ་སོར་མི་བལྟ་བ་དང་། ཏང་གཤིས་ལ་སྣང་ཆེན་བྱེད་པ་ལས་མི་སྒེར་གྱི་འབྲེལ་བར་མི་ལྟ་བའི་སྙིང་སྟོབས་ཡོད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་རིང་གི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། ང་ཚོར་འཕྲད་པའི་ཉེན་ཁ་དང་འགྲན་སློང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། རྟག་ཏུ་བདེ་པོ་སྐྱིད་པོའི་ངང་འཚོ་བ་སྐྱེལ་འདོད་པ་ལས་འཐབ་རྩོད་བྱེད་འདོད་མེད་པ་ནི་དོན་དངོས་དང་མི་འཚམ་པ་ཞིག་རེད། སྟོང་བསམ་དོར་ནས་འཐབ་རྩོད་བྱེད་ཕོད་པ་དང་། རྩ་དོན་གྱི་གནད་དོན་ཐད་གོམ་བཤོལ་རྩ་བ་ནས་མི་བྱེད་པ་དང་ས་ཆ་འདོམ་གང་ཙམ་ཡང་མི་གློད་པར། སྔར་ན་མེད་པའི་བློ་སྟོབས་དང་གཤིས་རྒྱུད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་དགོས། གུང་ཁྲན་ཏང་མིར་དུས་དང་རྣམ་པ་ཀུན་ཏུ་ལོག་བཤད་མི་བྱེད་པ་དང་། གདོན་འདྲེར་མི་སྐྲག་པ། རུས་སྙིའི་སྤྱོད་ཚུལ་ངན་པ་མེད་པ་བཅས་ཀྱི་ལ་རྒྱ་དང་བློ་སྤོབས་ཡོད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། སྒྲིག་ལམ་ལ་སྣང་ཆེན་དང་མ་མཐའི་མཚམས་ཐིག་སྲུང་བར་སྔོན་ལ་བཀུར་ཞིང་སྐྲག་པའི་སེམས་པ་ཡོད་དགོས། སེམས་ལ་སྐྲག་ས་ཡོད་ན། གཏམ་ལ་སྡོམ་ས་ཡོད་པ་དང་བྱ་སྤྱོད་ལ་བཀག་རྒྱ་ཡོད། ལས་བྱེད་པར་ངེས་པར་དུ་བཀུར་ཞིང་སྐྲག་པ་དང་དོགས་ཟོན་འཇིགས་སྐྲག མཐའ་ཚད་སྲུང་བ་བཅས་ཀྱི་བསམ་བློ་ཡོད་དགོས་པ་དང་། ཏང་ལ་བཀུར་ཞིང་སྐྲག་པ་དང་། མི་དམངས་ལ་བཀུར་ཞིང་སྐྲག་པ། བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་བཀུར་ཞིང་སྐྲག་པ་བཅས་བྱེད་དགོས། རང་ཚུལ་ཡག་པོ་སྡོམ་ཐུབ་ན་གཞི་ནས་རང་གཅུན་ནན་པོ་བྱེད་ཐུབ། ལས་བྱེད་པ་ཞིག་གིས་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི་སྤྱིའི་གློག་སྒོ་དམ་པོར་སྒྲིམ་ཐུབ་པ་དང་། བསམ་བློའི་གོ་རྟོགས་དང་བསམ་བློ་གཏོང་ཕྱོགས་མཐོ་རུ་སོང་ན། ད་གཟོད་རུལ་སུངས་བྱེད་མི་ནུས་པ་ནས་རུལ་སུངས་བྱེད་མི་འདོད་པར་འགྱུར་ཐུབ། ང་ཚོ་གུང་ཁྲན་ཏང་མིས་བསམས་པ་ནི་སྤྱི་དོན་ཆེན་པོ་དང་། སྲུང་བ་ནི་དྲང་བདེན། བརྩོན་ལེན་བྱེད་པ་ནི་ཐུན་མོང་བཅས་ཡིན་པས། དེ་བས་ཀྱང་གཞུང་དྲང་ཚུལ་མཐུན་དང་སྤྱོད་གཙང་རང་བཀུར་བྱས་ཐོག ཏང་དང་མི་དམངས་ཐོག་མཐའ་བར་གསུམ་དུ་སེམས་དབུས་སུ་བཞག་སྟེ། བློ་གཅིག་སེམས་གཅིག་གིས་སྤྱི་དོན་སྒྲུབ་པ་དང་། སྤྱོད་པ་ཚུལ་དང་མཐུན་པ། དྭངས་གཙང་ལྷད་མེད་ཀྱི་མི་ཞིག་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ང་ཚོ་ནི་སྔར་བྱུང་མྱོང་མེད་པའི་འཕོ་འགྱུར་དུས་རབས་སུ་གནས་པ་དང་། སྔར་བསྒྲུབ་མྱོང་མེད་པའི་བྱ་གཞག་རླབས་པོ་ཆེ་བསྒྲུབ་བཞིན་ཡོད། གལ་སྲིད་ཤེས་རྟོགས་ཡག་པོ་མ་ཐུབ་པ་དང་མིག་རྒྱང་རིང་པོ་མེད་པ། འཇོན་ནུས་ཆེན་པོ་མེད་པ་བཅས་ཡིན་ཕྱིན་ལས་དོན་ལ་འཐུས་ཤོར་ཡོང་ངེས་ཡིན། ལས་བྱེད་པ་ན་གཞོན་ཚོ་ནི་སེམས་ཤུགས་ཆེ་བ་དང་བསམ་བློ་གྲུང་བ། དང་ལེན་བྱེད་ནུས་ཆེ་བ་བཅས་ཡོད་པས་འཇོན་ཐང་འཕེལ་བ་དང་ནུས་པ་འདོན་ཐུབ་པའི་དུས་སྐབས་བཟང་པོ་ཞིག་ཏུ་ཏག་ཏག་སླེབས་ཡོད་པས། ངེས་པར་དུ་དུས་ཚོད་ལ་གཅེས་སྤྲས་དང་ལང་ཚོ་འཕྲོ་བརླག་མི་གཏོང་བར་སྐོམ་པ་ཆུ་འདོད་ལྟར་སློབ་སྦྱོང་བྱེད་དགོས་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་སློབ་སྦྱོང་བྱེད་དགོས། དུས་ཚོད་དམ་འཛིན་དང་བརྩོན་ཞིབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་དཔེ་དེབ་མང་ཙམ་ལྟ་བ་དང་དཔེ་དེབ་ཡག་པོ་བལྟ་དགོས་པ་དང་། དཔེ་དེབ་ནང་ནས་རིག་ནུས་དང་འཇོན་ནུས་དང་ལེན་བྱེད་དགོས། ལས་དོན་དང་ཟུང་སྦྲེལ་གྱི་སློབ་སྦྱོང་བྱེད་དགོས་པ་དང་། གང་ཞིག་བསྒྲུབ་ན་དེ་སློབ་སྦྱོང་བྱེད་དགོས་པ་དང་མི་འདང་བའི་ཆ་གང་ཡིན་པ་དེ་ཁ་གསབ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལྷག་དོན་དུ་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་གཞུང་སློབ་སྦྱོང་བྱེད་པ་དང་། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་ལོ་རྒྱུས་བཅས་སློབ་སྦྱོང་བྱེད་པ། དཔལ་འབྱོར་དང་ཆབ་སྲིད། ཁྲིམས་ལུགས། རིག་གནས། སྤྱི་ཚོགས། དོ་དམ། འབྱུང་ཁམས། རྒྱལ་སྤྱི་སོགས་ཕྱོགས་གང་སྤྱིའི་ཐད་ཀྱི་རྨང་གཞིའི་རང་བཞིན་གྱི་ཤེས་བྱ་སློབ་སྦྱོང་བྱེད་པ། རང་འགན་ལེགས་པར་སྒྲུབ་པའི་འབྲེལ་ཡོད་ཤེས་བྱ་གསར་པ་པ་དང་རྩལ་ནུས་གསར་པ་སློབ་སྦྱོང་བྱེད་པ་བཅས་ཀྱིས་འགན་སྒྲུབ་འགན་འཁུར་རིང་ངེས་པར་དུ་སྤྱོད་དགོས་པའི་ཤེས་བྱའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས། ལག་ལེན་ལས་ཤེས་བྱ་དངོས་རྟོགས་ཐུབ་པ་དང་། ལག་ལེན་ཁྲོད་འཇོན་ནུས་དངོས་སྦྱོང་ཐུབ། ལས་ཀའི་བརྒྱུད་རིམ་ནང་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་བརྒྱུད་རིམ་ནང་ལས་ཀ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་འགོ་ཁྲིད་ལས་བྱེད་པ་འཚར་ལོང་དང་འཇོན་ནུས་ཅན་དུ་འགྱུར་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཡིན། དེ་དང་འདྲ་བར་བློ་སེམས་གཅིག་སྒྲིམ་གྱིས་ལག་ལེན་བསྟར་མིན་དང་བསམ་བློར་ཕྱོགས་བསྡོམས་བྱེད་མཁས་མིན་ལས་གྲུབ་འབྲས་ཀྱི་ལེགས་ཉེས་དང་མཐོར་གཏོང་དལ་མགྱོགས་ཀྱང་འདྲ་གི་མེད། གལ་སྲིད་བྲེལ་བྲེལ་འཚུབ་འཚུབ་དང་ཕྲལ་སེལ་སླ་བཅོས་བྱས་ན། ཕྲན་ཚེགས་རིང་ལུགས་སུ་འགྲོ་བས་ངོས་འཛིན་དང་ལས་དོན་ཆུ་ཚད་མཐོར་རུ་གཏོང་ཁག་པོ་ཡིན་ཞེས་བསྟན་གནང་བ་རེད།

ཁྲེན་ཞི་ཡིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ལས་བྱེད་པ་ན་གཞོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་སེམས་ལ་ངེས་པ་དང་། བསམ་བློ་དང་ལས་དོན་དངོས་དང་ཟུང་སྦྲེལ་དམ་ཟབ་བྱེད་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱིས་ཏང་གཤིས་གསོ་སྦྱོང་མཐོ་རུ་གཏོང་རྒྱུ་དང་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་འཇོན་ནུས་སྦྱོང་བརྡར་སྤྲོད་པ་བཅས་བྱས་ཏེ། ལྷག་བསམ་དང་དྭངས་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་དོན་ངོ་མའི་བྱ་སྤྱོད་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་དང་ལས་སྐྲུན་བྱས་རྗེས་འཇོག་དགོས་ཞེས་ནན་གསུངས་གནང་བ་རེད།

ཏིང་ཞུའེ་ཞང་དང་ཧོང་ཁུན་མིང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད།

སྤྱི་ལོ ༢༠༢༡ ལོའི་དཔྱིད་དུས་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི་༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽ལས་བྱེད་པ་གཞོན་དར་གྱི་གསོ་སྦྱོང་འཛིན་གྲྭའི་སློབ་མ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སློབ་འགོ་ཚུགས་པའི་མཛད་སྒོར་ཟུར་ཞུགས་གནང་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོཌ་འཚོཌ་ཏེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་དྲུག་པ་འཚོཌ་རྒྱུ་གཏན་ཁེལ་བྱས་པ། ཞི་ཅིན་ཕིང་ནས་གྲོས་ཚོཊ་འདིའི་ཐོག་ནན་སྟོན་འདི་འདྲ་གནང་འདུག ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་འཚོགས་པ། སྤྱི་ཁྱབ་ཧྲུའུ་ཅིས་ཁྲེང་ཏེ་རུ་རྟོག་ཞིབ་གནང་བར་ལན་ཆ་བཟང་པོ་བྱུང་།