སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཧྲའན་ཞི་ཞི་ཨན་དུ་གཟབ་རྒྱས་ངང་འགོ་ཚུགས་པ་དང་། ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་ལུས་རྩལ་འགྲན་ཚོགས་སྤྱི་ཚེས ༡༥ ཉིན་གྱི་དགོང་མོ་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་གཟབ་རྒྱས་ངང་གཉེར་འགོ་ཚུགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད་པ་རེད།
སྤྱི་ཚེས ༡༥ ཉིན་གྱི་དགོང་མོ། ཞི་ཨན་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་གློག་འོད་ཆེམ་ཆེམ་འཕྲོ་བ་དང་རྣམ་པ་འཁྲུག་ཆ་དོད་པོ་ཡོད།
དགོང་མོའི་ཆུ་ཚོད ༧ དང་སྐར་མ ༥༨ ཐོག དགའ་སྤྲོའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་ནས་ལྟད་མོ་བར་ཕྱག་གཡུག་གཡུག་གནང་ནས་འཚམས་འདྲི་གནང་བ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཡོད།
དགོང་མོའི་ཆུ་ཚོད ༨ པའི་ཐོག སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་ཡོད། ༼མེས་རྒྱལ་ལ་བསྟོད་གླུ་ལེན༽ཞེས་པའི་འགྱུར་ཁུག་དང་བསྟུན་ནས་གཟབ་སྦྲེང་རུ་ཁག་གི་རུ་མིས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་སྲུང་སྐྱོང་བྱས་ནས་ལུས་རྩལ་ཐང་དུ་བསྐྱོད་ཡོད། ལུས་རྩལ་ཐང་དུ་སྙན་ཞིང་འཇེབས་ལ་ཤུགས་དང་ལྡན་པའི་༼ལུས་རྩལ་པའི་མདུན་སྐྱོད་གླུ་དབྱངས༽དཀྲོལ་ཡོད་པ་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་ཁྱེར་མཁན་དང་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་ཁྱེར་མཁན། དེ་བཞིན་དར་ཆ་སྒྲེང་མཁན ༦༠ ལས་གྲུབ་པའི་ཚོགས་དར་ཁྱེར་མཁན་རུ་སྟར་གྲུ་བཞི། ཤན་འབྱེད་པའི་འཐུས་མིའི་རུ་སྟར་གྲུ་བཞི་བཅས་ཀྲུའུ་ཞི་སྟེགས་བུའི་ཕྱོགས་སུ་བསྐྱོད་ཡོད། དེ་རྗེས་འཐུས་མི་ཚོགས་པ ༣༧ གྱི་སྙིང་སྟོབས་ཆེར་སྐྱེད་ཀྱི་ལུས་རྩལ་པའི་འཐུས་མི་ཀྲུའུ་ཞི་སྟེགས་བུའི་ཕྱོགས་སུ་བསྐྱོད་ཡོད་པ་དང་། ཁོང་ཚོ་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། དེ་བཞིན་ལས་རིགས་ལུས་རྩལ་མཐུན་ཚོགས་གསུམ་བཅས་ནས་ཡིན་པ་རེད། ཚོགས་ར་ཡོངས་ཀྱི་ལྟད་མོ་བ་ཚོས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྐད་སྒྲས་ལུས་རྩལ་པ་ཚོར་དགའ་བསུ་ཞུས་ཡོད།
འགྲན་རར་ཞུགས་པའི་མཛད་སྒོ་མཇུག་འགྲིལ་རྗེས། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་། བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ཤིང་། དར་དམར་རླུང་བུའི་ལྡང་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོས་ཡོད།
ཧྲའན་ཞི་ཞིང་ཆེན་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུད་ཀྱི་འགན་འཁུར་བློ་མཐུན་གྱིས་ཁག་སོ་སོར་ཤིས་ཚིག་གསུངས་ཡོད།
དགོང་མོའི་ཆུ་ཚོད ༨ དང་སྐར་མ ༤༠ ཡི་ཐོག ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་རྒྱུ་ཞེས་ཁྱབ་བསྒྲགས་གནང་བ་དང་། མཚམས་དེར་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཡང་ཡང་གྲགས་ཡོད།
སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་གླུའི་འགྱུར་ཁུག་དང་བསྟུན་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་ག་ལེར་སྒྲེང་ཡོད།
ལུས་རྩལ་པ་དབྱང་ཧྲུན་ཧུང་དང་། རྩལ་སློབ་པ་ཁྲེན་རུང་ཞུའེ། ཤན་འབྱེད་པ་ཀྲུང་ཧང་ཝེ་བཅས་ཀྱིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་ལུས་རྩལ་པ་དང་། རྩལ་སློབ་པ། ཤན་འབྱེད་པ་བཅས་ཀྱི་ཚབ་ཞུས་ནས་དམ་འཇོག་བྱས་ཡོད།
སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་གླུ་༼འབྱུང་འགྱུར་གྱི་རྗེས་སུ་བསྙེགས༽ཞེས་པས་རིག་རྩལ་འཁྲབ་སྟོན་༼དུས་རབས་གསར་པར་འབད་འཐབ་བྱེད། རྒྱང་སྐྱོད་གསར་པར་རྟུལ་ཕོད་མདུན་སྐྱོད་བྱེད༽ཅེས་པ་འགོ་ཚུགས་ཡོད་པ་དང་། འཁྲབ་སྟོན་ཧྲིལ་པོ་སྔོན་འགྲོའི་རོལ་དབྱངས་མགྲོན་བསུའི་འཐབ་ཕྱོགས་ཞེས་པ་དང་མི་རིགས་ཀྱི་རྩ་བ་ཞེས་པ། ཡན་ཨན་གྱི་བླ་སྲོག་ཅེས་པ། ཀྲུང་གོའི་ཕུགས་འདུན་ཞེས་པ་བཅས་ལེའུ་གསུམ་ལས་གྲུབ་པ་དང་། བརྒྱུད་ལམ་སྣེ་མང་གི་ལག་རྩལ་དང་སྐད་འོད་གློག་གི་བྱེད་ཐབས་ལ་བརྟེན་ནས། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དམངས་ཡོངས་ཀྱི་རྒྱལ་ཡོངས་ལུས་རྩལ་དང་། གཅིག་སེམས་གཅིག་མཐུན་མཉམ་དུ་བགྲོད་ཅེས་པའི་བརྗོད་བྱ་གཙོ་བོ་གསོན་ཉམས་དོད་པའི་ངང་མཚོན་པར་བྱས་ཡོད་པ་རེད།
ལུས་རྩལ་ཁང་ནང་གི་མི་སེམས་འགུལ་བའི་དཔལ་འབར་བརྒྱུད་སྤྲོད་དང་དཔལ་འབར་གཙོ་བོའི་མེ་སྤོར་བའི་མཛད་སྒོ་གཉེར་ཡོད། སྤྱི་ཟླ ༨ པའི་ཚེས ༡༦ ཉིན་ནས་བཟུང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་ཧྲའན་ཞི་ཞིང་ཆེན་ནང་ཁོངས་སུ་བརྒྱུད་སྤྲོད་བྱས་ཡོད་པ་དང་། ཆེས་མཐའ་མར་ཞི་ཨན་ཨོ་ལིན་ཕིག་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཁང་དུ་སླེབས་པ་རེད། ཀུན་གྱིས་དོ་ཁུར་བྱེད་པའི་སུའུ་པིང་ཐེན་དང་། ཀྲང་ཡུས་ཕའེ། ཇིན་ཁའེ། ཀུའོ་ཝུན་ཅུན། མ་ལུང་བཅས་ལྔ་ཡིས་དཔལ་འབར་བརྒྱུད་སྤྲོད་བྱེད་འགོ་ཚུགས་པ་དང་། མཐའ་མར་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་པོ་བླངས་མཁན་ཡང་ཅན་གྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གཙོ་བོར་མེ་སྤར་བ་རེད།
དགོང་མོའི་ཆུ་ཚོད ༩ དང་སྐར་མ ༣༥ ཡི་ཐོག སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དེ་བརྗོད་དོན་གཙོ་བོའི་གླུ་གཞས་བར་བརྒལ་ཞེས་པའི་དབྱངས་འགྲོས་དང་བསྟུན་ནས་སྤྲོ་སེམས་རབ་ཏུ་འཁོལ་བའི་རྣམ་པའི་ཁྲོད་བདེ་བླག་ངང་མཇུག་འགྲིལ་བ་རེད།
སྤྱི་ཚེས ༡༥ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ནས་ཧྲའན་ཞི་ཚོགས་ཁང་ཆེན་མོར་རྒྱལ་ཡོངས་མང་ཚོགས་ལུས་རྩལ་གྱི་སྔོན་ཐོན་སྡེ་ཚན་དང་སྔོན་ཐོན་མི་སྒེར་གྱི་འཐུས་མི། རྒྱལ་ཡོངས་ལུས་རྩལ་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ། སྔོན་ཐོན་ལས་དོན་པའི་འཐུས་མི་བཅས་དང་། ཐེ་ཁོའེ་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་ལུས་རྩལ་པ་དང་རྩལ་སློབ་པའི་འཐུས་མི་སོགས་དང་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་སྐྱོན་གནང་བ་རེད། ཞི་ཅིན་ཕིང་ནས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་། ཁོང་ཚོས་སྟོབས་ཤུགས་གང་ཡོད་བཏོན་ནས་ཕུལ་བྱུང་གྲུབ་འབྲས་སླར་ཡང་བཏོད་རྒྱུར་སྐུལ་ལྕག་གནང་ཡོད་པ་རེད།
ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཞུས་ཇི་ལེའང་། སུན་ཁྲུན་ལན། ཁྲེན་ཞི། ཚའེ་ཏ་ཧྥུང་། ལུའུ་ཀྲན་ཀུང་། ཧོ་ལི་ཧྥུང་སོགས་གོང་གསལ་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།
སྐབས་བཅུ་བཞི་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དེ་སྤྱི་ཟླ ༩ པའི་ཚེས ༢༧ ཉིན་མཇུག་འགྲིལ་རྒྱུ་ཡིན་པ་དང་། ལུས་རྩལ་པ་ཆིག་ཁྲི་ཉིས་སྟོང་གིས་རྩལ་འགྲན་འགྲན་བསྡུར་རྣམ་གྲངས་ནང་ཞུགས་རྒྱུ་ཡིན་པ་དང་། མང་ཚོགས་ལུས་རྩལ་པ་ཆིག་ཁྲི་ལྷག་མང་ཚོགས་འགྲན་བསྡུར་གྱི་བྱེད་སྒོའི་ནང་ཞུགས་རྒྱུ་ཡིན་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་དུ་བརྟག་ཞིབ་གནང་འདུག ཞི་ཅིན་ཕིང་གི་བཀའ་མངག་བློར་ངེས་ཏེ་ལུས་པོའི་བྱང་ཚད་མཐོ་རུ་གཏོང་། ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་གྲོས་མོལ་ཐེངས་བཅུ་གསུམ་པའི་ཐོག་གལ་ཆེའི་གསུང་བཤད་གནང་བ། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞལ་འཛོམས་ཐེངས་བཅུ་གསུམ་པ་སྤེལ།