གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ཚོཊ་ཆེན་འདིའི་ཐོག་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ།

སྤེལ་དུས་: 2021ལོ་10ཟླ་13ཚེས་ 11:56 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་༼སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས༽ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་བཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ།

སྤྱི་ཚེས ༡༢ ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས་ཁུན་མིང་དུ་ཚོགས་པའི་༼སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས༽ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ་རེད།

ཞི་ཅིན་ཕིང་གིས། སྐྱེ་དངོས་སྣ་མང་རང་བཞིན་གྱིས་ས་གོ་ལ་སྐྱེ་སྟོབས་ལྡན་པར་གྱུར་ཡོད་ལ། དེ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བ་བྱེད་པའི་རྨང་གཞི་ཡང་རེད། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་དེས་ས་གོ་ལའི་ཁྱིམ་གཞིས་ལ་སྲུང་སྐྱོབ་དང་། མིའི་རིགས་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ཁུན་མིང་གི་༼སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས༽ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པས་འབྱུང་འགྱུར་ས་གོ་ལའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་དམིགས་འབེན་བཟོས་པ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། བསམ་བློ་གཅིག་ཏུ་གཏོང་བ་དང་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་ས་གོ་ལའི་ཚེ་སྲོག་གཅིག་མཐུན་མ་ལག་མཉམ་འཛུགས་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐུབ་པ་བྱེད་དགོས། ང་ཚོས་རང་བྱུང་ཁམས་ལ་བརྩི་བཀུར་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ས་གོ་ལའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་དགོས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན། འབྱུང་ཁམས་ཁོར་ཡུག་ལེགས་པོ་ནི་གཅིག་ནས་རང་བྱུང་གི་རྒྱུ་ནོར་རེད་ལ། གཉིས་ནས་དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན་པས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལྐོག་ཤུགས་དང་གཏིང་ཤུགས་གཉིས་ཀ་དང་འབྲེལ་བ་ཡོད། ང་ཚོས་སྦགས་མེད་གོང་འཕེལ་གཏོང་ཐབས་གང་མགྱོགས་འགྲུབ་པ་བྱས་ནས། དཔལ་འབྱོར་གོང་འཕེལ་དང་ཁོར་ཡུག་སྲུང་སྐྱོབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་ཁོར་ཡུག་མཐུན་སྦྱོར་གོང་འཕེལ་གྱི་ས་གོ་ལའི་ཁྱིམ་གཞིས་བསྐྲུན་དགོས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་ཡོད། དཔལ་འབྱོར་སླར་གསོ་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་ལྕི་པོ་གཉིས་ཀྱི་མདུན་དུ། ང་ཚོས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་དུས་ངལ་མཉམ་སེལ་བྱས་ནས། གོང་འཕེལ་གྱི་གྲུབ་འབྲས་དང་འབྱུང་ཁམས་ཡག་པོས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་བསྐྲུན་ཐུབ་པ་བྱེད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་ཐུན་མོང་གོང་འཕེལ་གྱི་ས་གོ་ལའི་ཁྱིམ་གཞིས་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ང་ཚོ་འགྲན་རྩོད་ཆེ་ཞིང་རེ་བས་ཁེངས་པའི་དུས་རབས་ཤིག་ཏུ་གནས་ཡོད། ང་ཚོའི་ཐུན་མོང་གི་འབྱུང་འགྱུར་ཆེད་དུ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་དགོས་ཏེ།

གཅིག་ནས། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ཏེ་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་དགོས། བཟོ་ལས་ཤེས་དཔལ་གྱིས་བཟོས་པའི་འགལ་ཟླ་ཐག་གཅོད་ཡག་པོ་བྱས་ནས། མིའི་རིགས་ཀྱི་བྱེད་སྒོ་དེ་འབྱུང་ཁམས་ཁོར་ཡུག་གིས་ཐེག་ཐུབ་པའི་ཚད་གཞིའི་ནང་ཚོད་འཛིན་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ས་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱ་དགོས་པ་དང་།

གཉིས་ནས། ལྗང་མདོག་གི་རྣམ་པ་བརྗེ་སྒྱུར་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་དཔལ་འབྱོར་མ་ལག་བཙུགས་ནས། འབྱུང་ཁམས་ཀྱི་བཟང་ཆ་དེ་གོང་འཕེལ་གྱི་བཟང་ཆར་འགྱུར་བ་བྱེད་པ་དང་། སྔོ་ལྗང་རི་ཆུས་ཕན་འབྲས་ཆེན་པོ་ཐོན་པ་བྱེད་དགོས། ལྗང་མདོག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས།

གསུམ་ནས། མི་དམངས་ཀྱི་བདེ་སྐྱིད་ལྟེ་བར་བཟུང་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་བར་བསམ་བློ་བཏང་སྟེ། ཁོར་ཡུག་སྲུང་སྐྱོབ་དང་། དཔལ་འབྱོར་གོང་འཕེལ། ལས་ཞུགས་གསར་གཏོད། དབུལ་ཕོངས་མེད་པ་བཟོ་བ་སོགས་ཕྱོགས་མང་པོའི་ནང་མཉམ་རྒྱལ་ཡོང་བ་བྱེད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཆེ་རུ་གཏོང་དགོས།

བཞི་ནས། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་ཏེ་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་སྲུང་སྐྱོང་བྱེད་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས། རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་སྲུང་དང་དེ་ཉིད་ལག་ལེན་ནུས་ལྡན་བསྟར་དགོས། ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་གསར་པ་འཛུགས་པར་བློ་སྟོབས་དང་དངོས་གཉེར་དོ་མཉམ་ལ་མཉམ་དུ་ལྟ་རྟོག་བྱས་ནས། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་དང་ལུགས་མཐུན་ཡོང་བ་བྱེད་དགོས་པ་བཅས་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས།ཀྲུང་གོའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།ཀྲུང་གོས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་རྒྱུ་དང་།གསར་གཏོད་དང་།མཐུན་སྦྱོར། སྦགས་མེད།སྒོ་དབྱེ།མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོས་སྔོན་ལ་མི་དམངས་ཤོག་སྒོར་དུང་ཕྱུར ༡༥ བཏང་ནས།ཁུན་མིང་སྐྱེ་དངོས་སྣ་མང་རང་བཞིན་ཐེབས་རྩ་བཙུགས་པ་དང་།གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་གཞག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅིང་།ཀྲུང་གོས་འབྲེལ་ཡོད་ཕྱོགས་ཁག་ནས་ཐེབས་རྩ་དེའི་ནང་མ་དངུལ་འཇོག་རྒྱུུའི་རེ་འབོད་དང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད།

ཞི་ཅིན་ཕིང་གིས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་མགྱོགས་སུ་བཏང་ནས། རང་བྱུང་འབྱུང་ཁམས་མ་ལག་ནང་གལ་ཆེ་ཤོས་དང་།རང་བྱུང་མཛེས་ལྗོངས་དམིགས་བསལ་ཆེ་ཤོས།རང་བྱུང་ཤུལ་བཞག་གི་སྙིང་བཅུད་ཆེ་ཤོས།སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་བཅས་ཀྱི་ས་ཁོངས་དེ་དག་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་མ་ལག་ནང་རིམ་བཞིན་འཇུག་བཞིན་ཡོད།ཐཱན་རྩེ་གྲངས་སུ་སླེབས་པ་དང་ཐཱན་བཏང་སྙོམས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་ཆེད། ཀྲུང་གོས་གཙོ་གནད་ཁྱབ་ཁོངས་དང་ལས་རིགས་གཙོ་བོའི་ཐཱན་རྩེ་གྲངས་སུ་སླེབས་པའི་ལག་བསྟར་ཇུས་གཞི་དང་འདེགས་སྐྱོར་འགན་ལེན་བྱ་ཐབས་རབ་དང་རིམ་པ་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་ནས།ཐཱན་རྩེ་གྲངས་སུ་སླེབས་པ་དང་། ཐཱན་བཏང་སྙོམས།༡སྣོནNསྲིད་ཇུས་མ་ལག་བཅས་བཙུགས་ཡོད།ཀྲུང་གོས་ཐོན་ལས་གྲུབ་གཞི་དང་ནུས་རྒྱུའི་གྲུབ་གཞི་ལེགས་སྒྲིག་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་།སླར་སྐྱེས་ནུས་རྒྱུ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། བྱེ་ཐང་དང་།གྲམ་ཐང་།ཐང་རྒོད་བཅས་སུ་རླུང་གློག་གི་འོད་ཤུགས་རྟེན་གཞིའི་རྣམ་གྲངས་ཆེ་གྲས་འཆར་འགོད་དང་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་གཏོང་རྒྱུ་རེད་ཅེས་གསུངས་ཡོད།

མཇུག་ཏུ། ཞི་ཅིན་ཕིང་གིས། མིས་སྔོ་ལྗང་རི་ཆུར་གནོད་འཚེ་མ་བཏང་ཚེ། སྔོ་ལྗང་རི་ཆུས་མི་ལ་དྲིས་ལན་འཇལ་ངེས་ཡིན། འབྱུང་ཁམས་ཤེས་དཔལ་ནི་མིའི་རིགས་ཀྱི་ཤེས་རིག་གོང་དུ་འཕེལ་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཡིན། ང་ཚོས་ལག་གདང་སྦྲེལ་ནས་འབྱུང་ཁམས་ཤེས་དཔལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཕ་ཚ་བུ་རྒྱུད་ལ་འགན་འཁུར་བའི་མཐོ་ཚད་ཐོག་ནས་སའི་གོ་ལའི་ཚེ་སྲོག་གི་ཐུན་མོང་མ་ལག་མཉམ་སྐྲུན་དང་དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་གཏོད་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།

༼སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས༽ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་འགོ་ཁྲིད་པའི་དབུ་ཚོགས་དེ་སྤྱི་ཟླ ༡༠ ཚེས ༡༢ ཉིན་ཁུན་མིང་དུ་དྲ་ཐོག་དྲ་འོག་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི། ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་། ཁོ་སི་ཐ་རི་ཁའི་ཙུང་ཐུང་ཨའར་ཝ་ལ་ཏུའོ། ཅེར་ཅི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་མ་ལ་ཕེ། དབྱིན་ཇིའི་རྒྱལ་རྒྱུད་འཛིན་མཁན་ཁྲའར་སི་སོགས་བརྙན་མཐོང་རྣམ་པའི་ཐོག་ནས་དབུ་ཚོགས་ལ་ཞུགས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་མཛད་སྒོ་འདིའི་ཐོག་གསུང་བཤད་གལ་ཆེན་གནང་འདུག ཞི་ཅིན་ཕིང་ཚོགས་ཆེན་འདི་ལ་ཞུགས་རྒྱུ་རེད་འདུག ཞི་ཅིན་ཕིང་ནས་ཤེས་ལྡན་མི་སྣའི་ལས་དོན་གྲོས་ཚོཊ་ཐོག་གལ་ཆེའི་གསུང་བཤད་གནང་བ། ཞི་ཅིན་ཕིང་ནས་དབུ་ཚོཊ་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།