གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ཤེས་ལྡན་མི་སྣའི་ལས་དོན་གྲོས་ཚོཊ་ཐོག་གལ་ཆེའི་གསུང་བཤད་གནང་བ།

སྤེལ་དུས་: 2021ལོ་09ཟླ་29ཚེས་ 18:10 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་གྲོས་ཚོགས་ཐོག་དུས་རབས་གསར་པར་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ནས། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་གལ་ཆེན་དང་གསར་གཏོད་ཀྱི་མཐོ་ས་གང་མགྱོགས་བསྐྲུན་དགོས་པའི་ནན་སྟོན་གནང་བ།

ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་གྲོས་ཚོགས་སྤྱི་ཟླ ༩ པའི་ཚེས ༢༧ ནས་ཚེས ༢༨ ཉིན་བར་པེ་ཅིང་དུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ནས། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་དང་། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་འཐབ་ཕྱོགས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་པར་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་ཡག་པོ་བཅས་བྱས་ཏེ་འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་གལ་ཆེན་དང་གསར་གཏོད་ཀྱི་མཐོ་ས་གང་མགྱོགས་བསྐྲུན་ནས། སྤྱི་ལོ ༢༠༣༥ ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་དགོས་པ་དང་། སྤྱི་ལོ ༢༠༥༠ ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པར་ཤེས་ལྡན་མི་སྣའི་རྨང་གཞི་ཡག་པོ་འདིང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ལི་ཁེ་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། ལི་ཀྲན་ཧྲུའུ་དང་། ཝང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད། ཝང་ཧུའུ་ཉིང་གིས་ཕྱོགས་སྡོམ་གསུང་བཤད་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་ནང་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཤེས་ལྡན་མི་སྣར་མཐུན་སྒྲིལ། ཤེས་ལྡན་མི་སྣར་སྣེ་ཁྲིད། ཤེས་ལྡན་མི་སྣར་གྲུབ་འབྲས་ཐོབ་པ་བཅས་བྱ་རྒྱུར་མཐོང་ཆེན་བྱས་ནས་ཕྱོགས་ཁག་གི་ཤེས་ལྡན་མི་སྣར་མཐུན་སྒྲིལ་དང་རྒྱབ་སྐྱོར་གྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་བྱས་རྗེས་བཞག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཤེས་ལྡན་མི་སྣ་ནི་མི་རིགས་དར་རྒྱས་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་གྱི་འཐབ་ཇུས་ཐོན་ཁུངས་ཐོབ་པའི་བརྡར་གཅོད་གལ་ཆེན་ཞིག་ཡིན་པས། ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་བཅས་བྱ་རྒྱུའི་བཀོད་སྒྲིག་གལ་ཆེན་གནང་བས། དུས་རབས་གསར་པར་ཤེས་ལྡན་མི་སྣའི་ལས་དོན་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ཏང་གིས་ཤེས་ལྡན་མི་སྣའི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་མགྱོགས་མྱུར་སྟོབས་ཆེར་གྱུར་བ། ཤེས་ལྡན་མི་སྣའི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། ཤེས་ལྡན་མི་སྣའི་བཟང་ཆ་ཅུང་བརྟན་པོའི་ངང་ཆེ་རུ་ཕྱིན་པ། རང་རྒྱལ་ལ་གཞི་ཁྱོན་ཆེ་བ་དང་། བྱང་ཚད་ལེགས་པ། གྲུབ་ཚུལ་ཟམ་མི་མེད་པར་ལེགས་སུ་ཕྱིན་པ། ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བ་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་གཅིག་ཡོད་པས། རང་རྒྱལ་གྱི་ཤེས་ལྡན་མི་སྣའི་ལས་དོན་ས་ཚིགས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། མིག་སྔར་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་ཡོད་པས། ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་དམིགས་འབེན་མངོན་འགྱུར་ཡོང་བ་དང་སྔར་བས་ཐག་ཉེ་བ་མ་ཟད། ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཤེས་ལྡན་མི་སྣ་དགོས་མཁོ་ཆེ་བ་ཡོད། ང་ཚོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་བརྟེན་རང་སྟོབས་ནི་འགག་རྩ་ཡིན། ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་མཐར་གཏུག་ནས་བཤད་ན་ཤེས་ལྡན་མི་སྣའི་འགྲན་རྩོད་རེད། ཤེས་ལྡན་མི་སྣ་ནི་རྒྱལ་ཁབ་གཅིག་གི་ཕྱོགས་བསྡུས་རྒྱལ་སྟོབས་ལ་ཞིབ་བསྡུར་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཏོང་འཕེལ་གཏོང་བར་ཤེས་ལྡན་མི་སྣར་བརྟེན་དགོས་པ་དང་། མི་རིགས་དར་རྒྱས་ཡོང་བར་ཤེས་ལྡན་མི་སྣར་བརྟེན་དགོས། ང་ཚོས་ངེས་པར་དུ་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་། ཤེས་ལྡན་མི་སྣས་རང་བརྟེན་གསོ་སྐྱོང་བྱེད་པར་མཐོང་ཆེན་སྔར་ལས་ལྷག་པ་བྱས་ཏེ་ཤེས་ལྡན་མི་སྣའི་ཐོན་ཁུངས་འགྲན་རྩོད་ཀྱི་བཟང་ཆ་མགྱོགས་མྱུར་ངང་འཛུགས་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྒྱུ་མཚན་གང་ཡིན་པ་དང་། གང་ཞིག་ལ་ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་ཟེར་བ། ཇི་ལྟར་བྱས་ནས་ཤེས་ལྡན་མི་སྣའི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་བཅས་ལ་ལན་ཡག་པོ་བརྒྱབ་ནས་འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། བྱ་ཐབས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། དེ་ཡང་གཅིག་ནས་ཏང་གིས་ཤེས་ལྡན་མི་སྣའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། གཉིས་ནས་ཤེས་ལྡན་མི་སྣས་གོང་འཕེལ་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་གནས་བབ་རྒྱུན་འཁྱོངས་བྱེད་པ། གསུམ་ནས་འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་འཐབ་ཕྱོགས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱེད་པ། བཞི་ནས་ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བེད་སྤྱོད་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ལྔ་ནས་ཤེས་ལྡན་མི་སྣ་གོང་འཕལ་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། དྲུག་ནས་གནམ་འོག་གི་འཇོན་ཐང་ཅན་གཅིག་བསྡུས་ཀྱིས་བེད་སྤྱོད་བྱ་རྒྱུ་རྒྱུནའཁྱོངས་བྱེད་པ། བདུན་ནས་ཤེས་ལྡན་མི་སྣ་ཤེས་རྟོགས་དང་། ཤེས་ལྡན་མི་སྣར་བརྩི་འཇོག ཤེས་ལྡན་མི་སྣར་བརྩི་མཐོང་། ཤེས་ལྡན་མི་སྣ་བེད་སྤྱོད་བཅས་ཀྱི་ཁོར་ཡུག་གཏོད་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྒྱད་ནས་ཚན་རིག་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་རེད། གོང་གསལ་དོན་ཚན་བརྒྱད་པོ་དེ་དག་ནི་ང་ཚོས་རང་རྒྱལ་གྱི་ཤེས་ལྡན་མི་སྣའི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་ཏུ་བཏང་བ་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས་པ་མ་ཟད་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཟམ་མི་ཆད་པར་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་གལ་ཆེན་དང་གསར་གཏོད་ཀྱི་མཐོ་ས་སྐྲུན་མགྱོགས་སུ་གཏོང་བར་ངེས་པར་དུ་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་ཁོང་དུ་ཆུད་པ་བྱས་ཏེ། རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་ཡག་པོ་བྱེད་དགོས། ང་ཚོའི་དམིགས་འབེན་ནི་སྤྱི་ལོ ༢༠༢༥ ལོར་སླེབས་སྐབས་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་གཏོང་ཤུགས་ཆེས་ཆེར་མང་དུ་གཏོང་རྒྱུ་དང་། ཚན་རྩལ་གསར་གཏོད་ཀྱི་གཙོ་ཤུགས་དཔུང་ཁག་འཛུགས་སྐྱོང་ལ་འཕེལ་རིམ་གལ་ཆེན་ཐོན་པ་བྱ་རྒྱུ། ཚན་རིག་མཁས་པ་རྩེ་གྲ་གཅིག་བསྡུས་བྱེད་པའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བྱ་རྒྱུ། ཤེས་ལྡན་མི་སྣའི་རང་བརྟེན་གསོ་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་བྱ་རྒྱུ། འགག་རྩའི་ལྟེ་བའི་ལག་རྩལ་ཁྱབ་ཁོངས་སུ་འཐབ་ཇུས་ཀྱི་ཚན་རྩལ་ཤེས་ལྡན་མི་སྣ་དང་། རྩེར་སོན་གྱི་ཚན་རྩལ་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ། གསར་གཏོད་དཔུང་ཁག་འབོར་ཆེན་ཞིག་ཐོན་པ་བྱ་རྒྱུ་བཅས་དང་། སྤྱི་ལོ ༢༠༣༠ ལོར་སླེབས་སྐབས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཚམ་པའི་ཤེས་ལྡན་མི་སྣའི་ལམ་ལུགས་མ་ལག་གཞི་རྩའི་ཆ་ནས་ཆགས་པ་བྱེད་པ་དང་། གསར་གཏོད་ཤེས་ལྡན་མི་སྣའི་རང་བརྟེན་གསོ་སྐྱོང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བྱ་རྒྱུ། འཛམ་གླིང་གི་ཕུལ་བྱུང་ཤེས་ལྡན་མི་སྣའི་ཡིད་དབང་འགུག་ཤུགས་མངོན་དོད་པོས་ཆེ་རུ་གཏོང་རྒྱུ། ཚན་རྩལ་གྱི་ཁྱབ་ཁོངས་གཙོ་བོར་སྣེ་ཁྲིད་པ་ཁག་གཅིག་ཡོད་པ་བྱ་རྒྱུ། གསར་དར་མདུན་གྲལ་སྣོལ་མའི་ཁྱབ་ཁོངས་སུ་གསར་གཏོད་བྱེད་མཁན་ཁག་གཅིག་ཡོད་པ་བྱ་རྒྱུ་བཅས་དང་། སྤྱི་ལོ ༢༠༣༥ ལོར་སླེབས་སྐབས་རང་རྒྱལ་གྱིས་ཁྱབ་ཁོངས་མང་པོའི་ཤེས་ལྡན་མི་སྣའི་འགྲན་རྩོད་ཁྲོད་བསྡུར་རུང་བའི་བཟང་ཆ་ཆགས་པ་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་དང་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་བཅས་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། འཛམ་གླིང་གི་གལ་ཆེའི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་སྐྲུན་མགྱོགས་སུ་གཏོང་བར་འཐབ་ཇུས་ཀྱི་བཀོད་སྒྲིག་བྱེད་དགོས། ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ཏེ། པེ་ཅིན་དང་། ཧྲང་ཧའེ། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་བཅས་སུ་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་མཐོ་ས་འཛུགས་སྐྲུན་ཆོག་པ་དང་། བང་རིམ་མཐོ་བའི་ཤེས་ལྡན་མི་སྣ་གཅིག་བསྡུས་ཆེ་བའི་ལྟེ་བའི་གྲོང་ཁྱེར་ཁག་གཅིག་གིས་ཀྱང་ཤེས་ལྡན་མི་སྣ་ཡིད་འགུག་དང་བསྡུ་རུབ་བྱེད་པའི་ལས་སྟེགས་བསྐྲུན་རྒྱུར་ཤུགས་རྒྱག་དགོས་པ། ཤེས་ལྡན་མི་སྣ་གོང་འཕེལ་གཏོང་བའི་སྒྲིག་གཞི་ལམ་སྲོལ་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་པའི་ཚོད་ལྟ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཐོན་ཁུངས་སྤུས་དག་གཅིག་ཏུ་བསྡུས་ནས་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དང་ཞིབ་འཇུག་གསར་སྤེལ་ལས་ཁུངས་གསར་པ་ཁག་གཅིག་གཙོ་གནད་དུ་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་ཚན་རིག་འཆར་གཞི་ཆེན་པོ་འདོན་པ་བཅས་བྱས་ཏེ། ཤེས་ལྡན་མི་སྣར་རྒྱལ་སྤྱིའི་ཐོག་རྩེར་སོན་གྱི་གསར་གཏོད་ལས་སྟེགས་མཁོ་འདོན་བྱེད་དགོས་པ་དང་། འཐབ་ཇུས་ཀྱི་རྟེན་ས་དང་ཁྲུང་ཁྲུང་འཕུར་སྐྱོད་ཀྱི་གྲལ་སྟར་ལྟ་བུའི་རྣམ་པ་གང་མགྱོགས་ཆགས་པར་བྱ་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཤེས་ལྡན་མི་སྣ་གོང་འཕེལ་གཏོང་བའི་སྒྲིག་གཞི་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། དགོས་མཁོ་དང་དོན་དངོས་ལ་གཞིགས་ནས་མི་བཀོལ་སྤྱོད་བྱེད་མཁན་གཙོ་གཟུགས་ལ་དབང་ཆ་གང་ལེགས་སྤྲད་དེ། མི་བཀོལ་སྤྱོད་བྱེད་མཁན་གཙོ་གཟུགས་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གདན་ཞུ། བེད་སྤྱོད་བཅས་བྱེད་པའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་པ་བྱ་དགོས། མི་བཀོལ་སྤྱོད་བྱེད་མཁན་གཙོ་གཟུགས་ཀྱིས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཞབས་ཞུའི་འདུ་ཤེས་དང་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ་དང་། རང་གཅུན་དང་ཕྱི་རོལ་གྱི་ལྟ་སྐུལ་ལམ་སྲོལ་ནུས་ལྡན་བཙུགས་ཏེ། གཤམ་སྤྲོད་བྱས་པའི་དབང་ཚད་དང་ལེན་བྱེད་ཐུབ་པ་དང་བེད་སྤྱོད་ཡག་པོ་བྱེད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། མི་སྤྱོད་མཁན་སྡེ་ཚན་གྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་བསྒྲུབ་དགོས་ཤིང་། དབང་ཆ་བཀོལ་སྤྱོད་ཡག་པོ་མ་ཐུབ་པ་དང་འགན་འཁྲི་ཡག་པོ་མ་ཁུར་བའི་རིགས་ལ་འགན་འཁྲི་རྩད་གཅོད་བྱེད་དགོས། ཤེས་ལྡན་མི་སྣར་གུ་ཡངས་པའི་ཁོར་ཡུག་ཧུར་ཐག་གཏོད་པ་དང་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཤེས་ལྡན་མི་སྣ་རྩ་བར་འཛིན་པ་དང་། ཤེས་ལྡན་མི་སྣར་ཡིད་ཆེས། ཤེས་ལྡན་མི་སྣར་བརྩི་འཇོག ཤེས་ལྡན་མི་སྣར་གཅེས་སྐྱོང་། ཤེས་ལྡན་མི་སྣར་ཁོང་ཡངས་བཅས་བྱ་དགོས། ཚན་རིག་པར་ལག་རྩལ་ལམ་ཕྱོགས་ཐག་གཅོད་བྱེད་དབང་སྔར་ལས་ཆེ་བ་དང་། འགྲོ་གྲོན་བཀོད་སྒྲིག་བྱེད་དབང་སྔར་ལས་ཆེ་བ། ཐོན་ཁུངས་བཀོད་གཏོང་བྱེད་དབང་སྔར་ལས་ཆེ་བ་བཅས་སྤྲོད་པ་དང་དུས་མཚུངས་སུ། འགན་འཁྲིའི་ལམ་ལུགས་དང་དམག་བཀའ་དང་ལེན་ཞུ་ཡིག་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཚན་ཞིབ་རྣམ་གྲངས་ལ་ཕན་འབྲས་ཐོན་རྒྱུར་འགན་ལེན་ཏན་ཏིག་བྱ་དགོས། ཚན་ཞིབ་འགྲོ་གྲོན་དོ་དམ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཤེས་ལྡན་མི་སྣའི་འཆར་གཞི་ལེགས་གཏོང་སྡེབ་སྒྲིག་བྱས་ཏེ། ཤེས་ལྡན་མི་སྣས་སེམས་རྣལ་དུ་ཕབ་ནས་ཤེས་བྱ་སྦྱོང་བ་དང་ཞིབ་འཇུག་བྱས་ནས་གྲུབ་འབྲས་མང་ཙམ་ཐོབ་པ་དང་གྲུབ་འབྲས་ཡག་པོ་ཐོབ་ཐུབ་པ་བྱེད་དགོས། ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གསར་གཏོད་ཀྱི་རིན་ཐང་དང་། ནུས་པ། ལེགས་སྐྱེས་བཅས་ཁྲིད་ཕྱོགས་སུ་འཛིན་པའི་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་གང་མགྱོགས་བཙུགས་ཏེ། ཚན་རྩལ་ཤེས་ལྡན་མི་སྣས་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་དང་གསར་གཏོད་བྱེད་པར་ཕན་པའི་གདེང་འཇོག་མ་ལག་ཆགས་པ་བྱ་དགོས་པ་མ་ཟད་ལག་བསྟར་ཡང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། འཐབ་ཇུས་ཚན་རིག་མཁས་ཅན་གསོ་སྐྱོང་དང་བེད་སྤྱོད་ཤུགས་ཆེན་བྱེད་པ་དང་། ལག་ལེན་གྱི་ཚད་གཞི་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་ཚན་རྩལ་ལས་འགན་གལ་ཆེན་གྱི་སྣེ་ཁྲིད་པའི་འགན་ཁུར་མཁན་ཁྲོད་ནས་ཚན་རིག་གི་བྱང་ཚད་ཟབ་མོ་ལྡན་པ་དང་ཚན་ཞིབ་ཀྱི་འཐབ་ཕྱོགས་དང་པོར་ཡུན་རིང་འབད་འཐབ་བྱས་ཏེ་མཐོང་རྒྱ་ཡངས་པ་དང་། རྒྱང་ལྟའི་རང་བཞིན་གྱི་བརྡར་ཤ་གཅོད་ནུས་དང་རིག་ཚན་ལས་བརྒལ་བའི་གོ་བ་ལེན་ནུས། རུ་ཁག་ཆེན་པོའི་འཐབ་རྩོད་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་ཆེ་བ་བཅས་ཀྱི་ཚན་རིག་མཁས་ཅན་ཤེས་རྟོགས་ཐུབ་པ་བྱེད་དགོས། རྒྱང་རིང་གི་མིག་རྒྱང་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ཚན་རིག་པའི་མི་མངོན་པའི་ནུས་པ་ལྡན་པའི་རིམ་པ་མཐོ་བའི་སྣ་འཛོམས་ཅན་གྱི་ཤེས་ལྡན་མི་སྣ་སྔར་བས་མང་བ་ཤེས་རྟོགས་དང་གསོ་སྐྱོང་བྱས་ཏེ། འཐབ་ཇུས་ཚན་རིག་པ་འཚར་ལོངས་ཀྱི་སྐས་རིམ་ཆགས་པ་བྱ་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་པ་དང་གསར་གཏོད་ཚོགས་པ་རྩེ་གྲ་འབོར་ཆེན་བཙུགས་ཏེ། རྒྱལ་ཁབ་ཚོད་ལྟ་ཁང་དང་། རྒྱལ་ཁབ་ཚན་ཞིབ་ལས་ཁུངས། ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་ཆེན། ཚན་རྩལ་སྣེ་ཁྲིད་ཁེ་ལས་བཅས་ཀྱི་རྒྱལ་ཁབ་རུ་ཁག་གི་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་ཁབ་ཀྱི་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ཐོན་ལས་ལ་དམིགས་ཏེ་ཐོན་སློབ་ཞིབ་གསུམ་གྱིས་མཉམ་དུ་འགག་སྒྲོལ་བྱ་རྒྱུར་སྒྲིག་འཛུགས་བྱེད་དགོས། སྣེ་ཁྲིད་ཤེས་ལྡན་མི་སྣ་ཤེས་རྟོགས་ཀྱི་ལམ་སྲོལ་དང་རྣམ་གྲངས་ཚོགས་པའི་གདམ་གསེས་ལམ་སྲོལ་ལེགས་སུ་གཏོང་བ་དང་། སྣེ་ཁྲིད་ཤེས་ལྡན་མི་སྣར་ཤེས་ལྡན་པའི་སྐས་རིམ་ལྟ་བུའི་རུ་ཁག་ཆ་སྦྱོར་དང་། ཚན་ཞིབ་ཆ་རྐྱེན་ཆ་སྦྱོར། དོ་དམ་ལམ་སྲོལ་ཆ་སྦྱོར་བཅས་ཀྱི་དམིགས་བསལ་སྲིད་ཇུས་ལག་བསྟར་བྱེད་དགོས། གཞི་ཁྱོན་ཆེ་བའི་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་སྐྱེད་སྲིང་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་སྟོབས་ཤུགས་སྐྱེད་སྲིང་བྱེད་པའི་སྲིད་ཇུས་ཀྱི་གཙོ་གནད་དེ་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་སྟེང་དུ་འཇོག་དགོས་ཤིང་། ན་གཞོན་ཤེས་ལྡན་མི་སྣས་འགན་གཙོ་བོ་འཁུར་བ་དང་མི་སྣ་གཙོ་བོ་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས། ཁྱད་དུ་འཕགས་པའི་བཟོ་བཀོད་པ་འབོར་ཆེན་གསོ་སྐྱོང་བྱས་ཏེ། ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་སེམས་ཡོད་པ་དང་། ལས་བཀུར་ལེགས་སྐྱེས་འབུལ་ཐུབ་པ། ལག་རྩལ་གསར་གཏོད་ཀྱི་ནུས་པ་མངོན་གསལ་ལྡན་པ། རྙོག་འཛིང་ཆེ་བའི་ལས་གྲྭའི་གནད་དོན་ཐག་གཅོད་བྱེད་མཁས་པ་བཅས་ཀྱི་བཟོ་བཀོད་མཁས་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱ་དགོས། མཐོ་སློབ་དང་ཁེ་ལས་གཉིས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་ཡག་པོ་བྱས་ནས་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ནུས་ཤུགས་གང་ཡོད་བཏོན་ཏེ་ཕྱོགས་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གདན་ཞུ། བེད་སྤྱོད་བཅས་ཡག་པོ་བྱེད་དགོས། རང་རྒྱལ་ལ་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་མཐོ་རིམ་སློབ་གསོའི་མ་ལག་ལྡན་ཡོད་པ་དང་། རིགས་ཁག་གི་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱ་ཆེ་བའི་གར་སྟེགས་ཡོད་པས། ཕུལ་བྱུང་གི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་རྒྱུན་མཐུད་གསོ་སྐྱོང་བྱེད་ཐུབ་ལ། སློབ་དཔོན་ཆེན་མོ་སོགས་རྦད་དེ་གསོ་སྐྱོང་བྱེད་པའི་ནུས་པ་ཡོད། ང་ཚོར་འདི་ལྟ་བུའི་ཆོད་སེམས་དང་བློ་སྤོབས་ཡོད་དགོས། ཤེས་ལྡན་མི་སྣ་རང་རྟེན་གསོ་སྐྱོང་བྱེད་པའི་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས་པ་དང་། མཐོ་སློབ་དང་ལྷག་པར་དུ་རྩེར་སོན་ཉིས་ཅན་གྱི་སློབ་ཆེན་གྱིས་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་གཙོ་གཟུགས་དམག་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། ཕྱོགས་ཡོངས་ནས་རྨང་གཞིའི་རིག་ཚན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་འཆར་གཞི་འགོད་པ། རྨང་གཞིའི་རིག་ཚན་གྱི་གསོ་སྐྱོང་རྟེན་གཞི་ཁག་གཅིག་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས། ཆུ་ཚད་མཐོ་བའི་སྣ་འཛོམས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་ཆེད་དོན་རྣམ་གྲངས་བཟོས་ནས་ལག་ལེན་བསྟར་དགོས་པ་དང་། དུས་ཡུན་རིང་པོའི་ནང་རང་བྱུང་ཚན་རིག་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་མྱོང་བ་མ་ཟད་གསར་གཏོད་ཀྱི་འཇོན་ནུས་ཆེན་པོ་ལྡན་པའི་གཞོན་ནུ་ཤེས་ལྡན་མི་སྣ་ཁག་གཅིག་ལ་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། མཚན་ཉིད་རིག་པ་མཁས་ཅན་དང་སྤྱི་ཚོགས་ཚན་རིག་མཁས་ཅན། རྩོམ་རིག་སྒྱུ་རྩལ་མཁས་པ་སོགས་ཕྱོགས་ཁག་གི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་དགོས། ཤེས་ལྡན་མི་སྣའི་རྒྱལ་སྤྱིའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། རིགས་ཁག་གི་ཤེས་ལྡན་མི་སྣ་བཀོལ་སྤྱོད་ཡག་པོ་ཐུབ་པ་བྱེད་པ་དང་། ཁ་ཚ་དགོས་གཏུག་གི་དམིགས་བསལ་ཤེས་ལྡན་མི་སྣར་དམིགས་བསལ་གྱི་སྲིད་ཇུས་ཡོད་པ་བྱེད་པ། འཛོལ་མེད་སྐྱོན་བྲལ་ཡོང་རེ་མི་བྱེད་པ། བསླབ་པ་རྒན་གཞོན་དང་ལོ་ན་ཆེ་ཆུང་གྱི་བསྡུར་བ་མི་བྱེད་པ། ཚང་མར་ཚད་གཞི་གཅིག་མཚུངས་མི་བཟུང་བ་བཅས་བྱས་པར། ཡོན་ཏན་དང་འཇོན་ཐང་ངོ་མ་ལྡན་པའི་ཤེས་ལྡན་མི་སྣར་གང་དེ་བེད་སྤྱོད་གཏོང་བའི་མཐུན་རྐྱེན་སྐྲུན་དགོས། ཡིད་རྟོན་གྱིས་རྨང་གཞི་བྱེད་པའི་ཤེས་ལྡན་མི་སྣའི་བཀོལ་སྤྱོད་ལམ་སྲོལ་འཛུགས་དགོས་པ་དང་། ཕམ་ཆོག་ལ། ཕམ་ཉེས་ལ་གུ་ཡངས་བྱེད་པ། ཚན་རིག་སྣེ་ཁྲིད་མི་སྣས་དམག་རྒྱག་ལམ་ལ་ཆས་རྒྱུར་སྐུལ་མ་བྱེད་དགོས། རིགས་ཁག་གི་ཤེས་ལྡན་མི་སྣར་བྱ་གཞག་གསར་གཏོད་བྱེད་པའི་སྟེགས་བུ་སྐྲུན་པ་དང་། ཤེས་བྱ་དང་ལག་རྩལ་སོགས་གསར་གཏོད་རྒྱུ་ཆའི་རིན་ཐང་ཆེས་ཆེར་མངོན་པའི་ཡོང་འབབ་བགོ་འགྲེམས་ལམ་སྲོལ་བཙུགས་ཏེ། བྱ་གཞག་གིས་ཤེས་ལྡན་མི་སྣར་སྐུལ་མ་གཏོང་བ་དང་ཤེས་ལྡན་མི་སྣས་བྱ་གཞག་གཏོད་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་བསྒྲུབ་པར་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཤེས་ཡོན་ཅན་གྱི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པ། ཤེས་ལྡན་མི་སྣར་རྒྱལ་གཅེས་ཀྱི་སེམས་པ་ལྡན་ཞིང་། རྒྱལ་ཁབ་ཀྱི་བཀའ་དྲིན་འཇལ་བའི་བློ་ཁ་ཡོད་པ། རང་འགུལ་ངང་དུས་རབས་ཀྱིས་སྤྲད་པའི་ལས་འགན་དང་འགན་འཁྲི་འཁུར་རྒྱུར་སྐུལ་མ་བྱེད་དགོས། རྒྱ་ཆེའི་ཤེས་ལྡན་མི་སྣས་ཚན་རིག་མཁས་ཅན་རྒན་རབས་པ་རྣམས་ཀྱིས་རྒྱལ་ཁབ་ཐུགས་དབུས་སུ་བཅངས་ཤིང་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་ཕུལ་བྱུང་གི་གཤིས་སྤྱོད་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་དང་། སེམས་སུ་རྒྱལ་ཁབ་བཅངས་ནས་རྒྱལ་ཁབ་ཀྱི་ཆེད་དུ་སེམས་ཁྲལ་སེལ་བ་དང་དཀའ་གནད་སེལ་བ། འགན་འཁྲི་བསྒྲུབ་པ་བཅས་བྱེད་དགོས། ཤེས་ལྡན་མི་སྣའི་གཟེངས་བསྟོད་བྱ་དགའི་ལམ་ལུགས་ལེགས་སྒྲིག་དང་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཡོངས་སུ་ཤེས་ལྡན་མི་སྣར་བརྩི་མཐོང་བྱེད་པའི་སྲོལ་བཟང་ཆགས་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་ཏང་རྩ་འཛུགས་ཀྱིས་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩ་འཛུགས་ཚན་པས་སྤྱི་ལ་དམ་འཛིན་བྱ་རྒྱུར་སྣེ་ཁྲིད་བྱེད་པ། འགན་ནུས་ཚན་པས་རང་འགན་རང་འཁུར་དང་གཞོགས་འདེགས་དམ་ཟབ་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཤེས་ལྡན་མི་སྣའི་ལས་དོན་ཁྲོད་དུ་རྒྱ་ཁྱབ་ངང་ཞུགས་པ་བཅས་བྱེད་དགོས། ས་གནས་ཁག་དང་ཚན་པ་ཁག་གིས་དོན་དངོས་ལ་གཞི་ཚུགས་པ་དང་གཙོ་གནད་འབུར་ཐོན་པ་བྱས་ཏེ། ཤེས་ལྡན་མི་སྣས་ལན་ཆ་དྲག་པོ་བྱེད་པའི་དོན་དངོས་གནད་དོན་ཐག་གཅོད་བྱེད་དགོས། ཤེས་ལྡན་མི་སྣའི་གོང་འཕེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཤེས་ལྡན་མི་སྣའི་མ་འཇོག་ཕན་འབྲས་མཐོ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་དྲིལ་བསྒྲགས་ཚན་པ་དང་། རིམ་ཁག་སྲིད་གཞུང་གི་སློབ་གསོ་དང་། ཚན་རྩལ། བཟོ་ལས་ཆ་འཕྲིན། བདེ་འཇགས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། རིག་གནས་ཡུལ་སྐོར། གཞུང་ཁོངས་རྒྱུ་ནོར། དངུལ་རྩ། ཕྱི་ཕྱོགས་བྱ་དོན་སོགས་ཚན་པས་རང་སོའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཤེས་ལྡན་མི་སྣའི་ལས་དོན་གྱི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་མཉམ་དུ་དམ་འཛིན་བྱེད་དགོས་ཞེས་གསུངས་ཡོད།

ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་སྤྱི་ཡོངས་གནས་བབ་ཀྱི་མཐོ་ཚད་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཤེས་ལྡན་མི་སྣའི་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་བ་དང་། ཤེས་ལྡན་མི་སྣའི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པའི་ལས་འགན་གསར་པ་དང་འགྲན་རྩོད་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་ཡོད་ཅིང་། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་གྱི་རིགས་གཞུང་ཆེ་གྲས་དང་ལག་ལེན་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བསྐྱོན་ཡོད་པ། མཛུབ་ཁྲིད་བསམ་བློ་དང་། འཐབ་ཇུས་དམིགས་འབེན། གཙོ་གནད་ལས་འགན། སྲིད་ཇུས་བྱ་ཐབས་བཅས་གསལ་པོ་བཏོན་པ། མདུན་ཕྱོགས་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་རང་བཞིན་བཅས་ཤུགས་ཆེན་ལྡན་ཡོད་ཅིང་། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། གྲོས་ཚོགས་ཀྱི་དགོངས་དོན་ཤེས་ལྡན་མི་སྣའི་ལས་དོན་ཡག་པོ་བསྒྲུབ་པའི་སྒུལ་ཤུགས་ཆེན་པོ་དང་ཤེས་ལྡན་མི་སྣའི་ལས་དོན་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་བྱ་ཐབས། ཤེས་ལྡན་མི་སྣའི་སྟོབས་ཆེན་རྒྱལ་ཁབ་འཛུགས་པའི་གསོན་ཉམས་དོད་པའི་ལག་ལེན་བཅས་སུ་འགྱུར་བ་བྱས་ཐོག ཏང་གི་ཤེས་ལྡན་མི་སྣའི་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས་ཡོད།

ཝང་ཧུའུ་ཉིང་གིས་ཕྱོགས་བསྡོམས་གསུང་བཤད་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མཐོ་གཟིགས་འོག་བསྐྱངས་དང་། གཟིགས་རྒྱང་རིང་བ། ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་གཏིང་ཟབ་པ་བཅས་ཡིན་ཞིང་། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་གྱི་རིགས་པའི་གཞུང་ལུགས་ཆེ་གྲས་དང་ལག་ལེན་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བསྐྱོན་ཡོད་པས། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན། དམིགས་བཙུགས་རང་བཞིན་བཅས་ཤུགས་ཆེན་ལྡན་ཡོད། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་འཐབ་ཇུས་གསར་པ། བྱ་ཐབས་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཐད་ཀྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་ཞེས་གསུངས་ཡོད།

པེ་ཅིང་གྲོང་ཁྱེར་དང་། ཧྲང་ཧའེ་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན་གྱི་ཧྲེན་ཀྲེན་གྲོང་ཁྱེར། སློབ་གསོ་པུའུ། ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་མཁའ་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི། ཆིང་ཧྭ་སློབ་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིའབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

ཀྲུང་དབྱང་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། འཆར་གཞི་ཟུར་འཇོག་གྲོང་ཁྱེར་བཅས་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མི་དམངས་ཚོགས་པ་ཁག ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་ཡན་ལག་དོ་དམ་གྱི་འགན་འཁུར་བློ་མཐུན། ཀྲུང་དབྱང་ནས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས། གཞུང་ཁོངས་གལ་ཆེའི་རྐང་འཛིན་ཁེ་ལས་ཁག་གཅིག ཀྲུང་དབྱང་ནས་དོ་དམ་བྱེད་པའི་མཐོ་རིམ་སློབ་ཆེན་གྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་དབུ་ཚོཊ་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ། ཞི་ཅིན་ཕིང་ནས་བརྙན་མཐོང་གསུང་བཤད་གནང་བ་དེར་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་ནས་འགོ་ཚུགས་མཛད་སྒོ་འདིར་ཤིས་ཚིག་བསྒྲོན་རྒྱུ། ཞི་ཅིན་ཕིང་ནས་སོ་ནམ་པ་དང་ཞིང་ལས་ལས་དོན་པར་བཀྲ་ཤིས་བདེ་ལེགས་ཞུས་པ།