ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་གུང་གཞོན་སྡེ་ཚོགས་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།
ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་གུང་གཞོན་སྡེ་ཚོགས་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་སྤྱི་ཚེས ༡༠ ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་གིས། ལང་ཚོ་ལས་རྫོགས་མཐའ་མེད་པའི་རེ་བ་སྐྱེ་སྲིད་ལ། གཞོན་ནུ་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་གཏོད་ཐུབ། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་སྐབས་དང་དུས་ལ་འཁེལ་བ་དང་། འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འབབ་ཁར། འཇོན་ཐང་ངོམས་པའི་གར་སྟེགས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་ལ། ཡང་སྒོས་ཕུགས་བསམ་མངོན་འགྱུར་བྱེད་པའི་མདུན་ལྗོངས་ཀྱང་འོད་ཟེར་སྟོང་དང་ལྡན་པ་ཞིག་ཡོད། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ནི་ལོ་རྒྱུས་ཀྱི་མཐུད་རྒྱུག་འགྲན་བསྡུར་ཞིག་ཡིན་པ་དང་། དེང་རབས་གཞོན་ནུས་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་འགྲན་ལམ་ཐོག་དཔའ་མཛངས་རྟུལ་ཕོད་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་དགོས། གུང་གཞོན་སྡེ་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཁོང་དུ་དམ་པོར་ཆུད་པ་བྱེད་པ་དང་། ཏང་གི་ཆེད་དུ་མི་གསོ་སྐྱོང་དང་། རང་རྟོགས་ངང་འགན་འཁྲི་འཁུར་བ། བསམ་པ་རྒྱ་ཆེའི་གཞོན་ནུར་ཕྱོགས་པ། རང་ངོས་གསར་བརྗེ་བྱེད་ཕོད་པ་བཅས་རྒྱུན་འཁྱོངས་བྱེད་པ། རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མི་གཞོན་ནུ་ཚོ་ཕུགས་བསམ་ལྡན་པ་དང་། འགན་འཁྲི་ཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཏུ་འཚར་ལོངས་ཡོང་རྒྱུར་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། ལང་ཚོའི་སྒུལ་ནུས་དང་གསར་གཏོད་ནུས་པར་བརྟེན་ནས་མི་རིགས་བསྐྱར་དར་གྱི་དཔྱིད་ཀྱི་རླབས་རྒྱུན་དགུང་དུ་འཕྱུར་བར་བྱེད་པ་བཅས་ཀྱིས། ལང་ཚོའི་བློ་རིག་དང་རྔུལ་ཆུར་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་ཀྲུང་གོ་ཞིག་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས་ཡོད།
མི་དམངས་ཚོགས་ཁང་ཆེན་མོའི་ཐོག་བརྩེགས་གཉིས་པའི་གསོལ་སྟོན་ཁང་གི་རྣམ་པ་གྲ་རྒྱས་ཤིང་སྤྲོ་སེམས་ཀྱིས་ཕྱུག་པ་ཞིག་ཡོད། ཀྲུའུ་ཞི་སྟེགས་བུའི་ཡང་སྟེང་དུ་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་ཞུ་ཞེས་པའི་ཚོགས་ཡིག་བཀལ་ཡོད་པ་དང་། རྒྱབ་ངོས་འཆར་ཡོལ་གྱི་དཀྱིལ་དབུས་སུ་གུང་གཞོན་སྡེ་ཚོགས་ཀྱི་རྟགས་མ་བཀལ་ཡོད། སྡེ་ཚོགས་ཀྱི་རྟགས་མའི་གཤམ་དུ ༡༩༢༢ - ༢༠༢༢ ཞེས་པ་བཀོད་ཡོད། དར་དམར་བཅུ་གཞོགས་གཉིས་སུ་གྲལ་སྟར་སྒྲིག་ཡོད།
སྔ་དྲོའི་ཆུ་ཚོད ༡༠ ཐོག ཚོགས་ཆེན་འགོ་ཚུགས་ཡོད། ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་ནས་ཐོག་མར་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས། སྡེ་ཚོགས་ཀྱི་ལས་བྱེད་པ་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་དག་པའི་འཚམས་འདྲི་ཞུས་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་དོ་ཁུར་བྱེད་པའི་མིག་ཟུང་གཞོན་ནུ་ཡི་ཕྱོགས་སུ་འཕེན་ཞིང་། གསར་བརྗེ་ཡི་རེ་བ་གཞོན་ནུ་ལ་བཅོལ་ཡོད། ལོ་ངོ་བརྒྱའི་རིང་ཏང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག གུང་གཞོན་སྡེ་ཚོགས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས་གཞོན་ནུའི་མདུན་གྲལ་དུ་སྐྱོད་ཡོད་ལ། གཞོན་ནུ་མི་རབས་ནས་མི་རབས་ཀྱིས་དད་སེམས་བརྟན་དུ་གཏོང་བ་དང་ཏང་གི་རྗེས་སུ་དམ་པོར་འབྲངས་རྒྱུ་སྒྲིག་འཛུགས་དང་དེར་ཁྲིད་སྟོན་བྱས་ཏེ། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་པ་དང་རྒྱལ་ཁབ་འབྱོར་ཕྱུག་དང་མི་དམངས་བདེ་སྐྱིད་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཕེལ་རིམ་ཁྲོད་རྔམ་བརྗིད་ཆེ་བའི་ལང་ཚོའི་ལེའུ་བརྩམས་ཡོད། ལོ་ངོ་བརྒྱའི་རིང་ཀྲུང་གོའི་གུང་གཞོན་སྡེ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་སེམས་པ་གཅིག་མཐུན་དང་ཏང་དང་མཉམ་དུ་འབད་འཐབ་བྱས་པ་དང་། རྒྱ་ཆེའི་སྡེ་ཚོགས་གཞོན་ནུར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་ཁྲོད་དུ་ལྷག་བསམ་གྱི་ལེའུ་བརྩམས་ཤིང་། མི་རིགས་བསྐྱར་དར་གྱི་རྒྱང་སྐྱོད་ཁྲོད་དུ་ལང་ཚོ་སྐྱེས་སུ་ཕུལ་བ། ལོ་རྒྱུས་མདུན་དུ་སྐྱོད་པའི་ལོ་རྒྱུས་དེབ་ཐེར་ནང་གཟི་བརྗིད་ཀྱི་རི་མོ་བརྐོས་ཡོད། ལོ་རྒྱུས་དང་ལག་ལེན་ལས། ཀྲུང་གོའི་གུང་གཞོན་སྡེ་ཚོགས་ནི་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་ངོ་གནོང་མི་དགོས་པའི་གདོང་ལེན་རུ་ཁག་དང་ཏང་གི་ལྷག་བསམ་དག་པའི་ལས་རོགས། བློས་འགེལ་ཆོག་པའི་རྗེས་གྲབས་དཔུང་སྡེ་བཅས་ཡིན་པ་ར་སྤྲོད་ཐུབ་ཡོད་ཅེས་བསྟན་འདུག
ཞི་ཅིན་ཕིང་གིས། ལོ་བརྒྱའི་ནང་ཚུན་གུང་གཞོན་སྡེ་ཚོགས་ཀྱིས་ཕུགས་བསམ་བརྟན་པོ་དང་བློ་བརྟན་འགྱུར་མེད་ལས་རྩ་ཆེའི་ཉམས་མྱོང་གསོག་འཇོག་ཐུབ་ཡོད། ལོ་བརྒྱའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་གུང་གཞོན་སྡེ་ཚོགས་ཀྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་རང་གནས་ཀྱི་རྩ་བ་བཏོད་པ་དང་། གུང་གཞོན་སྡེ་ཚོགས་ཀྱིས་ཕུགས་བསམ་དང་དད་སེམས་བརྟན་སྲུང་བྱེད་པའི་ཆབ་སྲིད་ཀྱི་བླ་སྲོག་བཏོད་པ། གུང་གཞོན་སྡེ་ཚོགས་མི་རིགས་བསྐྱར་དར་ནང་ཞུགས་པའི་འབད་འབུངས་སྟོབས་ཤུགས་བཏོད་པ། གུང་གཞོན་སྡེ་ཚོགས་ཀྱིས་རྒྱ་ཆེའི་གཞོན་ནུའི་ཁྲོད་གཞི་ཚུགས་པའི་གསོན་ཤུགས་ཀྱི་འབྱུང་ཁུངས་བཏོད་པ་བཅས་བྱས་ཡོད། དེ་ནི་གུང་གཞོན་སྡེ་ཚོགས་ཀྱིས་འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་། བསྐྱར་དུ་བྱས་རྗེས་གསར་པ་འཇོག་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག གང་འདྲ་བྱས་ནས་གཞོན་ནུ་ཚོར་མཐུན་སྒྲིལ་དང་། སྒྲིག་འཛུགས། སྐུལ་སློང་བཅས་དེ་བས་ཡག་པ་བྱེད་པ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པ་བཅས་ནི་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་ལས་འགུལ་དང་། གཞོན་ནུའི་ལས་དོན་གྱིས་ངེས་པར་ལན་འདེབས་དགོས་པའི་དྲི་བ་གལ་ཆེན་ཞིག་ཡིན་ཞེས་བསྟན་འདུག ཞི་ཅིན་ཕིང་ནས་གུང་གཞོན་སྡེ་ཚོགས་ལ་རེ་བ་ཁག་བཞི་བཏོན་གནང་བ་སྟེ། དེ་ཡང་དང་པོ་ནི། ཏང་གི་ཆེད་དུ་མི་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གཞོན་ནུའི་བསམ་བློ་ཡར་རྒྱས་ལ་ཁྲིད་སྟོན་བྱེད་པའི་ཆབ་སྲིད་སློབ་གྲྭ་ཞིག་ལ་འགྱུར་བ་བྱེད་དགོས། ཆབ་སྲིད་ཐད་ནས་བལྟ་བ་དང་། བསམ་བློའི་ཐོག་ནས་དམ་འཛིན་བྱེད་པ། གཞོན་ནུའི་ཁྱད་ཆོས་ཀྱི་ཐོག་ནས་ཐོན་པ་བཅས་བྱས་ཏེ། ཁོང་ཚོས་སྔ་ཙམ་ཕུགས་བསམ་འཛུགས་པ་དང་། ཕུགས་བསམ་ཆེན་པོ་འཛུགས་རྒྱུར་རོགས་རམ་བྱེད་པ། སེམས་དབུས་ནས་ཏང་ལ་ཡིད་ཆེས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སེམས་ཤུགས་ལྡན་པ། མར་ཁེ་སི་རིང་ལུགས་ལ་དད་སེམས་ལྡན་པ་བཅས་བྱ་དགོས། ཏང་གི་བྱ་གཞག་ལ་རྒྱུན་འཛིན་བྱེད་མཁན་ཡོད་པ་བྱེད་པའི་རྩ་བའི་ཇུས་ཆེན་དེར་དམ་པོར་གཞིགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཁོང་དུ་དམ་པོར་ཆུད་པ། རྒྱ་ཆེའི་གཞོན་ནུ་ཚོ་བསམ་བློའི་སློབ་གསོ་དང་། ལག་ལེན་གྱི་སྦྱོང་བརྡར་ཁྲོད་ཀྲུང་གོ་བ་ཞིག་བྱེད་པའི་སྙིང་སྟོབས་དང་། དཔའ་སྟོབས། བློ་སྟོབས་བཅས་ཟམ་མི་ཆད་པར་ཤུགས་ཆེར་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས། གཉིས་པ་ནི། རང་འགུལ་ངང་འགན་འཁྲི་ཁུར་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གཞོན་ནུ་སྒྲིག་འཛུགས་བྱས་ཏེ་ཡུན་རིང་འབད་འཐབ་བྱེད་པའི་སྔོན་ཐོན་སྟོབས་ཤུགས་ལ་འགྱུར་བ་བྱེད་དགོས། རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རང་འགུལ་ངང་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་པ། རྒྱལ་ཁབ་ཆེན་མོའི་དོན་ཆེན་སེམས་ལ་ངེས་པ། འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་བ། དུས་རབས་གསར་པ་དང་གནམ་ས་གསར་པའི་ཁྲོད་ཕུགས་བསམ་དོན་གཉེར་དང་བྱས་རྗེས་འཇོག་པ་དང་བྱ་གཞག་གཏོད་པ། རླབས་ཆེའི་ཕུགས་བསམ་དོན་དུ་གཉེར་མཁན་ཞིག་ཏུ་བརྩོན་ལེན་བྱེད་པ། རླབས་ཆེན་བྱ་གཞག་གི་གསོན་ཤུགས་དམག་ཅིག་ཏུ་བརྩོན་ལེན་བྱེད་པ་བཅས་བྱེད་དགོས། གསུམ་པ་ནི། སེམས་པ་རྒྱ་ཆེའི་གཞོན་ནུ་དང་འབྲེལ་ནས། ཐོག་མཐའ་བར་གསུམ་དུ་ཏང་གིས་གཞོན་ནུ་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་བརྟན་ཤོས་ཤིག་ལ་འགྱུར་བ་བྱེད་དགོས། གཞོན་ནུ་ཚོར་ཞབས་འདེགས་ཞུ་བའི་ལས་ཀའི་སྲོག་རྩ་དམ་པོར་འཛིན་པ་དང་། ཏང་གིས་སྲིད་འཛིན་བྱེད་པའི་གཞོན་ནུ་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དེ་ལག་བསྟར་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་གཞོན་ནུ་ཚོར་དངོས་དོན་སྒྲུབ་པ་དང་། དཀའ་གནད་སེལ་རོགས་བྱེད་པ། རང་འགུལ་ངང་གཞོན་ནུ་ཚོས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། གཞོན་ནུ་ཚོས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ནས། གཞོན་ནུ་ཚོར་བདེན་པ་བདེན་ཐུབ་ཀྱིས་རོགས་རམ་བྱེད་དགོས། བཞི་པ་ནི། རང་ཉིད་གསར་བརྗེ་བྱེད་ཕོད་པ་བྱས་ནས། ཐོག་མཐའ་བར་གསུམ་དུ་ཏང་གི་རྗེས་སུ་འབྲང་ནས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་སྔོན་ཐོན་རྩ་འཛུགས་ཤིག་ཏུ་འགྱུར་བ་བྱེད་དགོས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་དེ་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་གོང་འཕེལ་ལམ་བུའི་ཐོག་ཡག་པོ་སྐྱོད་པ། གུང་གཞོན་སྡེ་ཚོགས་བསྒྱུར་བཅོས་གཏིང་ཟབ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། གཞོན་ནུའི་འཕར་རྩ་ཁོང་དུ་ཆུད་མཁས་པོ་བྱེད་པ་དང་། གཞོན་ནུའི་ལས་ཀ་དང་འཚོ་བ་སྐྱེལ་སྟངས་ཀྱི་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པར་དམིགས་ཏེ། སྡེ་ཚོགས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་བསམ་ཕྱོགས་གསར་པ་དང་དཔེ་ཚུལ་གསར་པ་འཚོལ་ཞིབ་བྱེད་པ། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་ལྷན་ཚོགས་རྩ་འཛུགས་ཀྱིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་རྒྱུར་སྐུལ་ཁྲིད་བྱེད་པ། གཞོན་ནུའི་རྒྱལ་གཅེས་གཅིག་གྱུར་འཐབ་ཕྱོགས་ཟམ་མི་ཆད་པར་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་དགོས། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བའི་ཉམས་མྱོང་དང་བྱེད་སྟངས་ལ་རང་རྟོགས་ངང་དཔེ་བལྟས་ནས། བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དང་ནན་ལ་དམ་ཚགས་ཐོག་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་ཚོགས་དོ་དམ་དང་སྡེ་ཚོགས་བཅོས་སྐྱོང་ནན་པོ་བྱེད་པ། ཕྱོགས་མཐའ་ཀུན་དང་ཚད་གཞི་མཐོ་བའི་སྒོ་ནས་གུང་གཞོན་སྡེ་ཚོགས་ཀྱི་དཔའ་ངར་ཆེར་བསྐྱེད་ཀྱི་དུས་རབས་ཀྱི་ཉམས་འགྱུར་འཕེལ་བ་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། ཡར་རྒྱས་དོན་གཉེར་བྱ་རྒྱུ་ནི་གཞོན་ནུའི་ཆེས་རྩ་ཆེ་བའི་ཁྱད་ཆོས་ཤིག་ཡིན་ལ། ཏང་དང་མི་དམངས་ཀྱི་རེ་བ་ནན་པོ་ཞིག་ཀྱང་ཡིན། དུས་རབས་གསར་པའི་རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིས་ཕུགས་བསམ་ཆེ་བ་དང་དད་སེམས་བརྟན་པའི་དཔེ་བཟང་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་བྱེད་པ། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་འཛུགས་པ། སྤྱི་ཚོགས་རིང་ལུགས་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་བསྟར་བྱེད་པ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། སྙིང་རུས་ཆེན་པོས་སློབ་སྦྱོང་དང་བློ་རྩ་བརྟན་པོས་གསར་གཏོད་བྱེད་པའི་དཔེ་བཟང་བ་ཞིག་བྱེད་པ། ལས་གནས་ཐོག་གཞིས་ཚུགས་པ་དང་། འཇོན་ཐང་སྦྱོང་བ། སྔོན་ཐོན་གསར་གཏོད་དང་ཕུལ་བྱུང་བརྩོན་ལེན་བཅས་ལ་སྣེ་ཁྲིད་བྱས་ཏེ། ལས་རིགས་ཀྱི་རྐང་འཛིན་པ་དང་གཞོན་ནུའི་གདོང་ལེན་པ་ཞིག་ཏུ་འགྱུར་བ་བྱེད་དགོས། འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པའི་དཔེ་བཟང་བ་བྱས་ཏེ། སྣེ་ཁྲིད་དེ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། འགག་སྒྲོལ་དཀའ་སེལ་བྱས་ཏེ། ལོག་བཤད་ལ་ཡིད་ཆེས་མི་བྱེད་པ་དང་། གདོན་བགེགས་ལ་མི་སྐྲག་པ། དཀའ་ངལ་སེལ་ཐུབ་པ་བཅས་བྱེད་དགོས། དཀའ་སྤྱད་འབད་འཐབ་བྱེད་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་དཔེ་བཟང་བྱས་ཏེ། སྣེ་ཁྲིད་དེ་མི་དམངས་ཀྱི་ལངས་ཕྱོགས་ཕྱོགས་སུ་བརྟན་པོ་ལངས་པ་དང་། ཏན་ཏན་ཏིག་ཏིག་དང་། བདེན་འཚོལ་དོན་གཉེར་བྱེད་པ། དཀའ་བ་སྔོན་ལ་སྤྱོད་པ་དང་བདེ་བ་རྗེས་སུ་མྱོང་བ། ནམ་ཡང་བཙའ་མི་ཐེབས་པའི་གཅུས་གཟེར་ཞིག་བྱེད་པ། སྤྱོད་བཟང་ལ་མཐོང་ཆེན་དང་སྒྲིག་ཁྲིམས་ནན་སྲུང་བྱེད་མཁན་གྱི་དཔེ་བཟང་ཞིག་བྱས་ཏེ། སྣེ་ཁྲིད་དེ་ཀུན་སྤྱོད་ཆེན་པོ་རྟོགས་པ་དང་། ཀུན་སྤྱོད་བཟང་པོ་སྲུང་བ། སྒེར་གྱི་ཀུན་སྤྱོད་ནན་པོ་བཟོ་བ། སྒྲིག་བཀུར་ཁྲིམས་སྲུང་ནན་པོ་དང་སྡེ་ཚོགས་ཚོགས་མིའི་འོས་འགན་ལག་བསྟར་ནན་པོ་བྱེད་པ། རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིས་ནན་ཏན་ངང་ཆབ་སྲིད་སྦྱོང་བརྡར་དང་ལེན་བྱེད་པ་དང་། ཆབ་སྲིད་ཞུན་བརྡར་ལ་ཤུགས་སྣོན། ཆབ་སྲིད་ཡར་ཐོན་དོན་དུ་གཉེར་བ་བཅས་བྱེད་པ། ཏང་རྩ་འཛུགས་དང་ཐག་ཉེ་བར་བཅར་བ། གུང་ཁྲན་ཏང་ཡོན་ཚད་དང་མཐུན་པ་ཞིག་ཏུ་འཚར་ལོངས་ཡོང་བ་བྱ་རྒྱུ་དེ་དམིགས་འབེན་དང་གཟི་བརྗིད་ལ་བརྩི་དགོས་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་བརྟན་པོ་འཛུགས་པ་དང་། ཕུགས་བསམ་རིང་ལུགས་ཀྱི་བསམ་པའི་ཉམས་འགྱུར་དར་སྤེལ་གཏོང་བ། རང་རྟོགས་ངང་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་མང་ཚོགས་ཀྱི་ལྟ་བ་འཛུགས་པ། རྒྱ་ཆེའི་གཞོན་ནུ་དང་གྲོགས་པོ་སྒྲིག་པ། གཞོན་ནུ་གྲོགས་པོར་བློ་ཉེ་བ་ལས། གཞོན་ནུའི་དཔོན་པོ་མི་བྱེད་པ། གཞོན་ནུའི་ཆེད་བསམ་བློ་མང་ཙམ་གཏོང་བ་ལས། རང་གི་ཆེད་དུ་འཆར་འགོད་ཉུང་ཙམ་བྱེད་པ། འགན་འཁུར་ཕོད་པ་དང་དངོས་དོན་སྒྲུབ་པའི་ལས་ཀའི་སྤྱོད་ཚུལ་གསོ་སྐྱོང་བྱེད་དགོས་པ་ལས། སྟོང་གཏམ་མི་ཤོད་པར་དངོས་དོན་མང་ཙམ་གཉེར་དགོས། དཀའ་ཚེགས་ཆེ་བའི་ཁོར་ཡུག་དང་གཞི་རིམ་གྱི་འཐབ་ཕྱོགས་མདུན་མར་བསྐྱོད་དེ་སྡུག་བསྔལ་དང་། དཀའ་ཚེགས། འགན་འཁྲི་ལྕི་པོ། ཉེན་ཁ་བཅས་ཐེག་ཐུབ་པ་བྱེད་པ། བདེན་པ་བདེན་ཐུབ་ཀྱིས་མི་ཚུལ་ལྡན་ཞིག་བྱེད་པ། ཏན་ཏན་ཏིག་ཏིག་གིས་བྱ་བ་སྒྲུབ་པ་བཅས་བྱེད་དགོས། སྤྱོད་གཙང་རང་གཅུན་གྱི་ཀུན་སྤྱོད་བློ་སྦྱོང་བྱེད་དགོས་པ་དང་། སེམས་ལ་སྐྲག་ས་ཡོད་པ་དང་། གཏམ་ལ་བཀག་རྒྱ་ཡོད་པ། བྱ་སྤྱོད་ལ་ཚོད་འཛིན་ས་ཡོད་པ་བཅས་བྱེད་པ། སྙིང་རུས་སྦྱོང་བརྡར་དང་། བློ་རྩ་བརྟན་པོ། རང་གཅུན་ནུས་པ་བཅས་ལ་རྒྱུན་ཆད་མེད་པར་ཞུན་བརྡར་བྱེད་པ། བློ་གཅིག་སེམས་གཅིག་གིས་སྤྱི་དོན་གཉེར་བ་དང་། སྤྱོད་པ་ཚུལ་དང་མཐུན་པ། བག་ཡོད་ཚུལ་ལྡན་བཅས་ཀྱི་མི་ཞིག་བྱེད་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོགཀྲུང་གོ་གུང་ཁྲན་ཏང་ནི་གདོང་ལེན་རུ་ཁག་ཡིན་པ་དང་གུང་གཞོན་སྡེ་ཚོགས་ནི་འཕྲལ་སྒྲུབ་རུ་ཁག་ཡིན་པ། ལོ་ཆུང་གདོང་ལེན་རུ་ཁག་ནི་གྲ་སྒྲིག་རུ་ཁག་རེད། ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས་རྒྱུ་དང་སྡེ་ཚོགས་ནང་ཞུགས་རྒྱུ། ཏང་ནང་ཞུགས་རྒྱུ་བཅས་ནི་གཞོན་ནུའི་ཕུག་བསམ་དོན་གཉེར་བྱེད་པའི་ཆབ་སྲིད་ཡར་ཐོན་གྱི་མི་ཚེའི་རོལ་དབྱངས་ཁག་གསུམ་ཡིན། གུང་གཞོན་སྡེ་ཚོགས་ཀྱིས་རུ་ཁག་ཡོངས་ཀྱི་སྣེ་ཁྲིད་བྱེད་པའི་ཆབ་སྲིད་འགན་འཁྲི་ཁུར་ནས་ལོ་ཆུང་གདོང་ལེན་རུ་ཁག་ཕུལ་བྱུང་སྡེ་ཚོགས་ནང་ཞུགས་རྒྱུ་དང་གུང་གཞོན་སྡེ་ཚོགས་ཕུལ་བྱུང་ཏང་ནང་ཞུགས་རྒྱུའི་ལས་དོན་སྒྲིག་གཞི་ཚད་ལྡན་བཟོ་བ་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་དང་སྡེ་ཚོགས། ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་མི་སྣ་གསོ་སྐྱོང་གི་འབྲེལ་ཐག་འབྲེལ་མཐུད་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ན་གཞོན་ཏང་ཡོན་གསོ་སྐྱོང་དང་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ལྷག་དོན་དུ་ཕུལ་བྱུང་གུང་གཞོན་སྡེ་ཚོགས་ཁྲོད་ནས་ཏང་ཡོན་གསོ་སྐྱོང་དང་གོང་འཕེལ་གཏོང་རྒྱུར་དང་དོད་བྱས་ཏེ། གསར་བརྗེའི་རི་ཆུ་ཡི་ངོ་བོ་མི་འགྱུར་བར་འགན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་སྤྲོ་སེམས་ཆེན་པོ་འཆང་ནས་གཞོན་ནུ་འཚར་ལོངས་ཀྱི་ཆོས་ཉིད་དང་དུས་རབས་ཀྱི་ཁྱད་ཆོས་ལ་ཞིབ་འཇུག་བྱས་ནས་སེམས་ནུས་ཆེན་པོ་བཏོན་ཐོག གཞོན་ནུའི་ལས་དོན་དམ་འཛིན་བྱེད་པ་དང་། གཞོན་ནུ་གྲོགས་པོ་ཚོའི་སྙིང་གཏམ་བརྗོད་ས་དང་གཞོན་ནུའི་ལས་དོན་ལ་སྤྲོ་སེམས་འཆང་མཁན། གཞོན་ནུ་མང་ཚོགས་ཀྱི་ལམ་སྟོན་པ་བཅས་ལ་འགྱུར་བ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ནས་ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལམ་ལུགས་སྒྲིག་གཞི་དོན་འཁྱོལ་བྱེད་པ་དང་གུང་གཞོན་སྡེ་ཚོགས་ལས་དོན་ཁྲོད་ཀྱི་གལ་ཆེའི་གནད་དོན་ལ་རྟག་ཏུ་ཞིབ་འཇུག་ཐག་གཅོད་བྱེད་པ། སྤྲོ་སེམས་ཆེན་པོས་སེམས་ཁུར་དང་སྡེ་ཚོགས་ཀྱི་ལས་བྱེད་པར་རེ་བ་ནན་པོ་འདོན་པ། གུང་གཞོན་སྡེ་ཚོགས་ཀྱིས་ཚོགས་པའི་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལྟར་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། ཏང་དང་རྒྱལ་ཁབ་ཀྱི་ངོས་ནས་བཤད་ན། གཞོན་ནུ་ནི་གཅེས་སྐྱོང་དང་རེ་བ་བཅོལ་རིན་་ཆེ་ཤོས་ལྡན་པ་ཞིག་རེད། གཞོན་ནུ་ནི་ས་གཞི་ཆེན་པོའི་ཐོག་མྱུ་གུ་རྒྱས་བཞིན་པའི་ལྕང་གསར་ཞིག་ཡིན་པས། ནམ་ཞིག་མཁའ་ལ་སྙེགས་པའི་སྡོང་ཆེན་ཞིག་ཏུ་གྱུར་ནས། མཐའ་ཡས་ནམ་མཁའ་འདེགས་པར་ནུས་ངེས་རེད་ལ། གཞོན་ནུ་ནི་ཞོགས་པའི་ཉི་གཞོན་ཞིག་ཡིན་པས། སྟོབས་ཤུགས་ཟམ་མི་ཆད་པར་གསོག་འཇོག་བྱས་ནས། ནམ་ཞིག་དྲོ་སྐྱིད་འོད་ཟེར་ས་གཞི་ཆེན་པོར་འཕྲོ་བར་བྱེད་ངེས་རེད། དེས་ན་ཏང་དང་རྒྱལ་ཁབ་ཀྱི་རེ་བ་གཞོན་ནུ་ཚོར་བཅོལ་ཡོད་ཅེས་ནན་སྟོན་གནང་བ་རེད།
ཝང་ཧུའུ་ཉིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ནང་། ལོ་ངོ་ ༡༠༠ སོང་ཚུན་གྱི་གུང་གཞོན་སྡེ་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པའི་ལང་འཚོའི་བརྒྱུད་རིམ་ལ་ཁྱོན་ཡོངས་ནས་ཕྱིར་དྲན་གནང་བ་དང་གུང་གཞོན་སྡེ་ཚོགས་ཀྱིས་ཏང་གི་འགོ་ཁྲིད་འོག་མི་རབས་ནས་མི་རབས་བར་གྱི་སྡེ་ཚོགས་གཞོན་ནུར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུག་འདུན་མངོན་འགྱུར་ཡོང་ཆེད་ཕུལ་བའི་གལ་ཆེའི་ལེགས་སྐྱེས་ལ་གདེང་འཇོག་གང་ལེགས་གནང་བ། གུང་གཞོན་སྡེ་ཚོགས་དང་གཞོན་ནུའི་ལས་དོན་གྱི་ལོ་རྒྱུས་ཉམས་མྱོང་རྒྱས་བཤད་གཏིང་ཟབ་གནང་བ། དུས་རབས་གསར་པར་གུང་གཞོན་སྡེ་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་གནང་བས་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཡོད། དེར་བརྟེན་ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཞེས་བསྟན་འདུག
གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཧོ་ཅུན་ཁོའོ་དང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཁྲེན་ཀང་གིས་ཚོགས་ཆེན་ཐོག་གཏམ་བཤད་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཚོགས་ཆེན་ལ་ཞུགས་ཡོད།
ཀྲུང་དབྱང་ཏང་སྲིད་དམག་དམངས་དང་ཚན་པ་ཁག་གི་འགན་འཁུར་བློ་མཐུན། རྒྱལ་སའི་ལས་རིགས་ཁག་གི་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུའི་འཐུས་མི། དེ་བཞིན་རྒྱལ་ཁབ་ཁག་གཅིག་གི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཕོ་ཉ་སོགས་མི ༡༠༠༠ ལྷག་ཚོགས་ཆེན་ལ་ཞུགས་ཡོད། །