གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་།

སྤེལ་དུས་: 2022ལོ་05ཟླ་06ཚེས་ 15:37 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༥ པའི་ཚེས ༥ ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་སྐོང་འཚོགས་བྱས་ཏེ། མིག་སྔའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གནས་བབ་སྐོར་ལ་དབྱེ་ཞིབ་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་དོན་འཁྱོལ་བྱེད་པའི་ལས་ཀའི་གཙོ་གནད་ཐད་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།

གྲོས་ཚོགས་ཐོག ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ང་ཚོས་མི་དམངས་རྩ་བའི་རྩེ་ལ་འཇོག་པ་དང་། ཚེ་སྲོག་གོང་མའི་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་ནས་འགོས་རྒྱུ་སྔོན་འགོག་དང་ནང་དུ་བསྐྱར་ལོག་ཐེབས་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་བཞིན་ཡོད། འགུལ་རྣམ་གཙང་སེལ་རྒྱུན་འཁྱོངས་བྱེད་པ་དང་། དུས་དང་བབ་ལ་བསྟུན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལེགས་སྒྲིག་ཟམ་མི་ཆད་པར་བྱས་ཡོད་པས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཐབ་ཇུས་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ད་ལོའི་སྤྱི་ཟླ ༣ པའི་ཚུན་དུ། རྒྱལ་ཡོངས་གོང་འོག་ཀུན་གྱིས་སེམས་པ་གཅིག་བསྒྲིལ་དང་ཕྱར་བ་གྲུ་འདེགས་བྱས་པ་བརྒྱུད། ང་ཚོས་ཝུའུ་ཧན་རང་སྲུང་དམག་འཐབ་རྒྱབ་ཚུན་ཆེས་ཛ་དྲག་ཤོས་ཀྱི་སྔོན་འགོག་ཚོད་འཛིན་ཚོད་བགམ་ཐེག་ཐུབ་པ་དང་། དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། ང་ཚོའི་རིམས་འགོག་བྱེད་ཕྱོགས་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་ལ་བརྟེན་ནས་གཏན་འཁེལ་བ་ཞིག་ཡིན་པ་དང་། ང་ཚོའི་རིམས་འགོག་སྲིད་ཇུས་ནི་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ། ང་ཚོའི་རིམས་འགོག་བྱ་ཐབས་ནི་ཚན་རིག་དང་མཐུན་ཞིང་ཕན་འབྲས་ལྡན་པ་བཅས་ཡིན་པ་ལག་ལེན་ངོ་མའི་ཐོག་ནས་ར་སྤྲོད་བྱུང་ཡོད། ང་ཚོས་ཝུའུ་ཧན་རང་སྲུང་དམག་འཐབ་ལ་རྒྱལ་ཁ་བླངས་ཡོད་ལ། ཧྲང་ཧའེ་ཡི་རང་སྲུང་དམག་འཐབ་ལའང་རྒྱལ་ཁ་ཐོབ་ངེས་རེད་ཅེས་བསྟན་ཡོད།

གྲོས་ཚོགས་ཐོག མིག་སྔར་གོ་ལ་ཧྲིལ་པོར་རིམས་ནད་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་པ་དང་། ནད་དུག་ཀྱང་ངོ་འགྱུར་ཟམ་མི་ཆད་པར་འགྲོ་བཞིན་ཡོད། རིམས་ནད་མཐའ་མཇུག་ཏུ་གང་འདྲ་ཞིག་ཆགས་མིན་དེར་གཏན་འཁེལ་མེད་པའི་རང་བཞིན་ཆེན་པོ་ལྡན་པས། ད་དུང་ངལ་གསོ་རྒྱག་པ་དང་ལྷོད་ལྷོད་དུ་སྡོད་པའི་མཚམས་ལ་སླེབས་མེད། རང་རྒྱལ་ནི་མི་འབོར་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། རྒན་རྒོན་མང་ལ་ས་ཁུལ་བར་གྱི་གོང་འཕེལ་ཡང་དོ་སྙོམས་མེད་པས། སྨན་བཅོས་ཐོན་ཁུངས་སྤྱི་འབོར་འདང་གི་མེད། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ལྷུག་ཏུ་བཏང་ཚེ་མི་འབོར་ཆེན་ཞིག་ལ་ནད་དུག་འགོས་ངེས་རེད་ལ། ནད་གཞི་ཚབས་ཆེན་ཆགས་པ་དང་འདས་གྲོངས་སུ་འགྲོ་མཁན་ཡང་འབོར་ཆེན་ཐོན་ངེས་རེད། ད་དུང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ལའང་ཤུགས་རྐྱེན་ཚབས་ཆེན་ཐེབས་རྒྱུ་རེད། ཏང་ཀྲུང་དབྱང་གིས་གཏན་ལ་འཁེལ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཛད་ཕྱོགས་སྲིད་ཇུས་ལ་ངོས་འཛིན་གང་ལེགས་ཐུབ་པ་དང་། ཆ་ཚང་ཞིང་འཕྱུགས་པ་མེད་པ་ཞིག་ཡོད་དགོས་པ་དང་། ངོས་འཛིན་མི་འདང་བ་དང་གྲ་སྒྲིག་མི་འདང་བ། ལས་ཀ་མི་འདང་བ་སོགས་ཀྱི་གནད་དོན་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། སྣང་མེད་དུ་གཏོང་བ་དང་། ཁྱད་པར་མི་འདུག་བསམ་ནས་སྡོད་པ། རང་འདོད་རང་འཐབ་བྱེད་པ་སོགས་ཀྱི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། སྔ་བར་ཕྱི་གསུམ་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་སྤུ་ཙམ་མི་གཏོང་རྒྱུན་འཁྱོངས་བྱེད་པ། རང་རྒྱལ་གྱི་རིམས་འགོག་བྱེད་ཕྱོགས་སྲིད་ཇུས་འཁྱོག་བཤད་བྱེད་པ་དང་། དོགས་སློང་བྱེད་པ། ཁས་མི་ལེན་པ་སོགས་ཀྱི་གཏམ་སྤྱོད་ཡོད་དོ་ཅོག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོག རྒྱུན་འཁྱོངས་བྱས་ན་རྒྱལ་ཁ་ཐོབ་ངེས་ཡིན། མིག་སྔའི་ཆར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཀ་དེ་ཀོ་གྲུ་གྱེན་དུ་བཏང་ན་ཡང་། ཆུ་མོས་ཐུར་དུ་འཁྱེར་ནས་འགྲོ་ཞེས་པའི་དཔེ་ལྟར་འགག་རྩའི་དུས་མཚམས་དང་དཀའ་ཚེགས་ཆེ་བའི་དུས་མཚམས་སུ་སླེབས་ཡོད་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སེམས་ཤུགས་བརྟན་དུ་གཏོང་བ་དང་། རིམས་འགོག་འཐབ་རྩོད་ཀྱི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱེད་དགོས་པ། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲུང་ར་བརྟན་པོ་བསྐྲུན་པ། ཐོབ་པར་དཀའ་བའི་རིམས་འགོག་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཐོག་ནས། ས་སྲུང་འགན་འཁྲི་ཡོད་ལ་ས་སྲུང་འགན་འཁྲི་སྒྲུབ་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག ས་ཆ་ཁ་ཤས་ལ་འདུ་འཛོམས་རང་བཞིན་རིམས་ནད་གནས་ཚུལ་དོན་སྐབས་གང་མགྱོགས་ཐག་གཅོད་བྱེད་དགོས་པ་དང་། བརྟག་དཔྱད་བྱེད་དགོས་རིགས་ལ་བརྟག་དཔྱད་བྱེད་པ་དང་། ལོགས་དབྱེ་བྱེད་དགོས་རིགས་ལོགས་དབྱེ་བྱེད་པ། ཉར་དགོས་རིགས་ཉར་བ། སྨན་བཅོས་བྱེད་དགོས་རིགས་ལ་སྨན་བཅོས་བྱེད་དགོས། ཉིང་སྐྱུར་བརྟག་དཔྱད་དང་། འགྲོ་འོང་གནས་ཚུལ་ཞིབ་བཤེར། ལོགས་དབྱེ་དབོར་འདྲེན། སྡེ་ཁུལ་གྱི་དོ་དམ་ཚོད་འཛིན་སོགས་འགག་རྩའི་ལྷུ་ཚིགས་དབར་གྱི་མཉམ་ལས་ཡག་པོ་སྒྲུབ་ནས། ནད་དུག་འགོས་པའི་མི་སྣ་དང་ཉེན་ཁ་ཡོད་པའི་མི་ཚོགས་དུས་ཐོག་ཏུ་འཚོལ་ཐུབ་པ་དང་དོ་དམ་ཚོད་འཛིན་ཐུབ་པ་བྱེད་དགོས། རིམས་འགོག་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ས་ཁོངས་མཐུན་སྦྱོར་སྔོན་འགོག་དང་ཞིང་ཆེན་ནང་ཁུལ་གྱི་གཅིག་གྱུར་འཆར་འགོད་ཤུགས་ཆེར་གཏོང་བ། སྔོན་འགོག་ཚོད་འཛིན་གྱི་མི་ཤུགས་དང་དངོས་ཟོག་གྲ་སྒྲིག་ཨང་གསར་བྱས་ཏེ་རིམས་ནད་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱེད་དགོས། དུས་ཐོག་ཏུ་སྔོན་འགོག་ཚོད་འཛིན་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། ནད་དུག་གཞན་འགྱུར་ལ་ཞིབ་འཇུག་དང་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། སྟབས་བདེ་སླ་བཅོས་དང་གཅིག་དཔེ་བརྒྱ་འགེབས་མི་བྱེད་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་དང་འཚོ་བའི་དངོས་ཟོག་དུས་གཅིག་ཏུ་མཁོ་སྤྲོད་ཡག་པོ་བྱེད་པ། མང་ཚོགས་ཀྱིས་སྨན་པ་བསྟེན་པའི་དགོས་མཁོ་འགན་ལེན་ཡག་པོ་བཅས་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས། ཕྱི་ནས་འགོས་རྒྱུ་སྔོན་འགོག་བྱེད་པར་མི་དང་། དངོས་པོ། ཁོར་ཡུག་བཅས་མཉམ་དུ་འགོག་ཟོན་བྱེད་པའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ལས་རིགས་ཀྱི་འགན་འཁྲི་དང་ཚན་པའི་འགན་འཁྲི་ཏན་ཏིག་ངང་འཁུར་དགོས། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་མི་དམངས་དམག་འཁྲུག་ཡག་པོ་རྒྱག་པ་དང་། ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་སློག་པ། རྒྱ་ཆེའི་མང་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་དང་རང་ཉིད་འགོག་སྲུང་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། རང་འགུལ་ངང་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དང་འོས་འགན་འཁུར་བ། མི་སྒེར་དང་ཁྱིམ་ཚང་སོགས་ཀྱི་རྒྱུན་གཏན་གྱི་འགོག་སྲུང་བྱ་ཐབས་དོན་འཁྱོལ་བྱེད་པ། རིམས་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མང་ཚོགས་ནས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།

གྲོས་ཚོགས་ཐོག རིམ་ཁག་ཏང་ཨུད་དང་སྲིད་གཞུང་། སྤྱི་ཚོགས་ཀྱི་ཕྱོགས་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱེད་པ། བག་གཡེང་གི་བསམ་བློ་དང་། དམག་འཐབ་ལ་ཞེན་པ་ལོག་པའི་བསམ་བློ། སྟེས་དབང་གི་བསམ་བློ། ལྷོད་གཡེང་གི་བསམ་བློ་བཅས་ཁྱད་བསད་བྱེད་པ། ཁྱོན་ཡོངས་ནས་སྐུལ་སློང་དང་ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་པ། དུས་ཚོད་ཀྱིས་རང་ཉིད་སྒུག་མི་སྲིད་སྙམ་པའི་སྙིང་སྟོབས་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་བྱ་སྤྱོད་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ཞིབ་ཕྲ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མུ་མཐུད་ནས་མདུན་དུ་གདོང་མཆོང་དང་ཞུམ་མེད་འབད་བརྩོན་བྱེད་པ་དང་། འཐབ་འཛིང་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས། རིམས་ནད་འགོག་པའི་འཐབ་རྩོད་ནང་ཐོན་པའི་སྔོན་ཐོན་དཔེ་བཟང་དང་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཡག་པོ་བྱེད་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་སེམས་ཤུགས་བརྟན་པོ་དང་། དཀའ་ངལ་མཉམ་སེལ། མཐུན་སྒྲིལ་རྡོག་རྩ་གཅིག་བསྒྲིལ་བཅས་ཀྱི་སྒོ་ནས་རིམས་ནད་འགོག་བཅོས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐུལ་མ་གཏོང་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་གནང་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་འཇིག་རྟེན་འཕུར་སྐྱོད་གཞོན་ནུ་ཚོར་སྐུལ་ལྕག་གནང་བ། ཞི་ཅིན་ཕིང་ནས་བཟོ་བོའི་སྤེལ་རེས་ཚོཊ་ཆེན་ལ་རྟེན་འབྲེལ་ཞུས་པ། ཞི་ཅིན་ཕིང་གིས་ཁོང་ཚོར་འཕྲིན་ལན་སྤྲིངས་གནང་འདུག ཞི་ཅིན་ཕིང་ནས་ཧའེ་ནན་ལ་རྟོག་ཞིབ་གནང་དུས་ནན་སྟོན་འདི་ལྟར་གནང་འདུག