ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི༼ཞི་ཅིན་ཕིང་གི་གཞི་རིམ་བཅོས་སྐྱོང་སྐོར་གྱི་རྣམ་བཤད་གཅེས་སྒྲིག༽ཅེས་པའི་དེབ་འདི་ཉེ་དུས་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།
གཞི་རིམ་སྟོབས་ཆེར་འགྱུར་ན་རྒྱལ་ཁབ་སྟོབས་ཆེར་འགྱུར། གཞི་རིམ་བདེ་ལ་འཁོད་ན་གནམ་འོག་བདེ་ལ་འཁོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས། ཏང་གིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་གཞི་འཛིན་ས་དང་དམིགས་ཡུལ་དུ་བྱས་ཏེ། རྒྱུད་ཁོངས་ཧྲིལ་པོ་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་གྱི་སྲིད་དབང་བཅོས་སྐྱོང་གི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་གནས་བབ་ཆགས་པ་བྱེད་པ། གཞི་རིམ་གྱི་གསོན་ཤུགས་འཕེལ་བར་བྱེད་པ། སྡེ་ཁུལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་པས། མང་ཚོགས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བདེ་འཇགས་གོ་རིམ་ལྡན་པའི་རྣམ་པ་བཟང་པོ་ཆགས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་གཞི་རིམ་བཅོས་སྐྱོང་ལ་དམིགས་ཏེ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་གནང་བ་དེ་དག་གཟིགས་རྒྱང་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པོ་དང་དགོངས་པ་གཏིང་ཟབ་པོ་ཡོད་པས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་ཁྲིམས་སྐྱོང་། ཚུལ་བཞིན་སྐྱོང་བ་བཅས་ཕན་ཚུན་ཟུང་སྦྲེལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བ་དང་། གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུ། མི་ཚང་མར་འགན་འཁྲི་ཡོད་པ་དང་མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མས་མཉམ་སྤྱོད་ཐུབ་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་མ་ལག་འཛུགས་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
༼རྣམ་བཤད་གཅེས་སྒྲིག༽དེ་ཆེད་དོན་ཁག ༧ ལ་དབྱེ་བ་དང་། ཁྱོན་བསྡོམས་རྣམ་བཤད་ཁག ༢༡༦ ཡོད་ཅིང་། བློ་མཐུན་ཞི་ཅིན་ཕིང་གི ༢༠༡༢ ལོའི་ཟླ ༡༡ ཚེས ༡༥ ཉིན་ནས ༢༠༢༣ ལོའི་ཟླ ༩ ཚེས ༢༡ ཉིན་བར་གྱི་སྙན་ཞུ་དང་། གསུང་བཤད། གསལ་བཤད། ཤིས་འཕྲིན། འཕྲིན་ལན། མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན ༡༣༠ ལས་གཅེས་སྒྲིག་བྱས་ཡོད། དེའི་ནང་གི་རྣམ་བཤད་ཁག་གཅིག་ཡོངས་བསྒྲགས་ཐོག་སྤེལ་ཐེངས་དང་པོ་ཡིན་པ་རེད།།