གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ།

ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས་པ།

སྤེལ་དུས་: 2023ལོ་11ཟླ་09ཚེས་ 11:58 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༡༡ ཚེས ༧ ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ ༡༡ ཚེས ༧ ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུར༼མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽དང་། ༼གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽ ༼རང་བྱུང་སྒེར་སྡེམ་ལྷུ་ཚིགས་ཀྱི་ལྟ་འདོམས་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར༽ ༼རིགས་གཅིག་མཁས་ཅན་གྱིས་སྤྱི་པའི་ཐབས་ཇུས་འགོད་པར་ཞུགས་པའི་བྱ་སྤྱོད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར༽ ༼སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར༽བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་རེད།

ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་དམིགས་ཚད་གལ་ཆེན་ཞིག་ཡིན་པས། ༢༠༣༥ ལོའི་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་དམ་པོར་དམིགས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་མགྱོགས་མྱུར་ཕྱོགས་སྒྱུར་བྱེད་པ། སྐྱེ་ཁམས་མ་ལག་གི་སྣ་མང་གི་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་ཀྱི་རང་བཞིན་བཅས་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ། འགན་ལེན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་རྩ་བ་ཉིད་ནས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ནི་རྒྱལ་ཁབ་ཀྱི་སྔོན་རྩིས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། ལག་བསྟར་བྱེད་རྒྱ་ཆེ་རུ་གཏོང་བ་དང་། བྱེད་ནུས་དང་ནུས་པ་ཆེ་རུ་གཏོང་བ། གཏོང་ཡོང་གི་དོ་དམ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མ་དངུལ་གྱི་ཕན་ནུས་ཆེ་རུ་གཏོང་དགོས།རང་བྱུང་སྒེར་སྡེམ་ལྷུ་ཚིགས་ཀྱི་ལྟ་འདོམས་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ལམ་ལུགས་ཇུས་འགོད་ལ་ཤུགས་སྣོན་དང་། ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྟ་འདོམས་ནུས་པ་ཆེ་རུ་གཏོང་བ། གཞུང་ཁོངས་དཔལ་འབྱོར་གྱིས་རང་བྱུང་སྒེར་སྡེམ་ལྷུ་ཚིགས་ལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་སྐྲུན་པའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས། སྤྱི་པའི་ཐབས་ཇུས་འགོད་པར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་དང་འདེགས་སྐྱོར་བྱེད་པར་གཞི་ཚུགས་ཏེ། རིགས་གཅིག་མཁས་ཅན་གྱིས་སྤྱི་པའི་ཐབས་ཇུས་འགོད་པར་ཞུགས་པའི་བྱ་སྤྱོད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བརྒྱུད་རིམ་དང་ཚད་གཞི་ཚད་ལྡན་དུ་གཏོང་བ། བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་ནུས་གང་ཡོད་འདོན་པ་དང་། གསོན་ཤུགས་ཆེན་པོ་ལྡན་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་རིགས་གཅིག་མཁས་ཅན་སྤྱི་པའི་ཐབས་ཇུས་འགོད་པར་ཞུགས་པའི་ཁོར་ཡུག་ཅིག་གཏོད་དགོས། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལ་སྐྱེ་ཁམས་ཁོར་ཡུག་གི་འབྱུང་རྩའི་སྔོན་འགོག་མ་ལག་ཁྲོད་དུ་རྨང་གཞིའི་རང་བཞིན་གྱི་ནུས་པ་ལྡན་པས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་། ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་ཀྱི་བྱེད་ནུས་འགན་ལེན་དང་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བ་དམིགས་ཚད་དུ་འཛིན་པ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་ཁྱད་པར་ཅན་གྱི་གནད་སྨིན་དོ་དམ་ཚོད་འཛིན་ལ་སྐུལ་འདེད་གཏོང་དགོས།

ཚོགས་འདུར་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་ཚང་མར་ལོ་རྒྱུས་ཀྱི་རང་བཞིན་དང་། ཕྱོགས་འགྱུར་གྱི་རང་བཞིན། ཕྱོགས་ཡོངས་ཀྱི་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཕྱིན་ཡོད་པས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་གསར་པ་དང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་གཞིགས་ཏེ། མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གཅིག་སྡུད་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཤེས་དཔལ་ལམ་ལུགས་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། སྔོན་ལ་འཚོལ་ཞིབ་དང་དཔེ་སྟོན་བྱེད་པའི་སྐུལ་ཁྲིད་ཀྱི་ནུས་པ་ཡག་པོ་འདོན་པ། དམངས་ཡོངས་ཀྱི་བྱ་སྤྱོད་སྤེལ་བ་བཅས་བྱས་ནས་ཆ་ཤས་དང་ཕྱོགས་ཡོངས་ཕན་ཚུན་མཐུན་སྦྱོར་དང་། རྩ་བ་དང་ཡན་ལག་མཉམ་བཅོས་ཕན་ཚུན་འབྲེལ་མཐུད། མིག་སྔ་དང་སླད་ཕྱིན་ཕན་ཚུན་ཟུང་འབྲེལ་བཅས་ལ་སྐུལ་འདེད་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་རིགས་ཕྱེ་ནས་སྲིད་ཇུས་ལག་བསྟར་དང་ཁུལ་ཕྱེ་ནས་བཅོས་སྒྲིག ཞིབ་ཕྲ་ཅན་གྱི་འཛུགས་སྐྲུན་བྱས་ཏེ་བྱ་སྤྱོད་ཞིབ་ཕྲ་རེ་རེ་བརྒྱུད་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་ཚད་རིམ་བཞིན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

ཚོགས་འདུར་ནན་བཤད་བྱས་དོན། སྔོན་རྩིས་ཀྱི་ལས་དོན་ལས་ཏང་དང་རྒྱལ་ཁབ་ཀྱི་འདུན་པ་མཚོན་པས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་སྒྲིག་སྲོལ་གྱི་ལེགས་ཆ་འདོན་པ། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་སྒྲིག་ལེགས་སུ་དང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བར་དམིགས་པ། གཞུང་ཁོངས་མ་རྩ་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་དང་འབྲེལ་བ་ཡོད་པའི་ལས་རིགས་གལ་ཆེན་དང་འགག་རྩའི་ཁྱབ་ཁོངས་སུ་གཅིག་སྡུད་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་སྤྱི་པའི་ཞབས་འདེགས་དང་། འཕྲལ་སྡོམ་ནུས་པ། སྤྱི་ཕན་རང་བཞིན་གྱི་ཁྱབ་ཁོངས་སོགས་སུ་གཅིག་སྡུད། སྔོན་མཐོང་གི་རང་བཞིན་དང་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་གསར་དར་ཐོན་ལས་དང་གཅིག་སྡུད་བཅས་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས། ཟ་མཁས་འཐུང་མཁས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ནོར་སྲིད་ཀྱི་ཐོན་ཁུངས་ལ་ཚན་རིག་དང་མཐུན་པའི་ངང་སྤྱི་འདོམས་དང་ལུགས་མཐུན་ངང་བགོ་ཤུགས་ཆེ་རུ་བཏང་སྟེ། སྔོན་རྩིས་ཀྱི་གཏོང་ཡོང་གཞི་རྒྱ་ལུགས་མཐུན་ངང་གཏན་འཁེལ་དང་། དམངས་འཚོར་སྤྱི་འདོམས་འགན་ལེན་དང་ལེགས་སུ་གཏོང་བ། བག་མེད་ཆུད་ཟོས་དང་འཕྲོ་བརླག་གཏོང་བ་སོགས་ཀྱི་སྣང་ཚུལ་གཏན་འགོག་བཅས་བྱེད་དགོས། སྔོན་རྩིས་ཁྲིམས་བཅད་མཐའ་འཁྱོངས་ཀྱིས་སྔོན་རྩིས་ཚོད་འཛིན་ལ་ཤུགས་སྣོན་དང་། སྔོན་རྩིས་ཀྱི་དོ་དམ་ལ་སྐུལ་འདེད་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་དགོས།

ཚོགས་འདུར་བསྟན་དོན། གློག་ཤུགས་དང་། སྣུམ་རླངས། ལྕགས་ལམ་སོགས་ལས་རིགས་ཀྱི་དྲ་རྒྱའི་ལྷུ་ཚིགས་ལ་རང་བྱུང་སྒེར་སྡེམ་གྱི་ངོ་བོ་ལྡན་ཡོད། དེ་ནི་རང་རྒྱལ་གྱི་གཞུང་ཁོངས་དཔལ་འབྱོར་ཁྱབ་ཚུལ་གྱི་གཙོ་གནད་ཁྱབ་ཁོངས་ཤིག་ཡིན་པས། ལྟ་འདོམས་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ལྟ་འདོམས་བྱེད་ནུས་ཆེ་རུ་གཏོང་བ་དང་། རང་བྱུང་སྒེར་སྡེམ་ལྷུ་ཚིགས་སུ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་འཆར་འགོད་ཀྱི་ལས་འགན་གལ་ཆེན་དོན་འཁྱོལ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འགན་འཁྲི་ལག་བསྟར། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར། གཉེར་སྐྱོང་ཁྱབ་ཁོངས་དང་གཉེར་སྐྱོང་བྱ་སྤྱོད་སོགས་ཀྱི་ལྟ་འདོམས་ལ་གཙོ་གནད་ཤུགས་སྣོན་རྒྱག་པ། རང་བྱུང་སྒེར་སྡེམ་ལྷུ་ཚིགས་སུ་གནས་པའི་ཁེ་ལས་ཀྱི་གཙོ་འགན་གཙོ་ལས་ལ་དམིགས་ཏེ་སྐུལ་འདེད་གཏོང་བ། དྲ་སྦྲེལ་རྣམ་པའི་རྨང་གཞིའི་སྒྲིག་བཀོད་ལ་གཞུང་ཁོངས་མ་རྩ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྐང་འཛིན་དྲ་བའི་བདེ་འཇགས་དང་བློས་འགེལ་གྱི་རང་བཞིན་ཆེ་རུ་གཏོང་དགོས། རང་བྱུང་སྒེར་སྡེམ་ལྷུ་ཚིགས་སུ་སྒེར་སྡེམ་རང་བཞིན་གྱི་ལས་སྒོ་དང་འགྲན་རྩོད་རང་བཞིན་གྱི་ལས་སྒོའི་ཁྱབ་ཁོངས་ལ་ལྟ་འདོམས་བྱས་ནས། སྒེར་སྡེམ་གྱི་ལེགས་ཆ་སྤྱད་དེ་གོང་འོག་འགྲན་རྩོད་རང་བཞིན་གྱི་ལྷུ་ཚིགས་སུ་རྒྱ་སྐྱེད་མ་བཏང་སྔོན་འགོག་བྱེད་དགོས།

ཚོགས་འདུར། རིགས་གཅིག་མཁས་ཅན་ནི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རིག་ནུས་ཐོན་ཁུངས་གལ་ཆེན་ཞིག་ཡིན་པས། རིགས་གཅིག་མཁས་ཅན་དཔུང་ཁག་གི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དང་། རིགས་གཅིག་མཁས་ཅན་སྤྱི་པའི་ཐབས་ཇུས་འགོད་པར་ཞུགས་པའི་སྲིད་ཇུས་འགན་ལེན་དང་ལྕག་སྐུལ་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས། རིགས་གཅིག་མཁས་ཅན་གྱི་ཧུར་བརྩོན་གྱི་རང་བཞིན་དང་རང་འགུལ་གྱི་རང་བཞིན་འཕེལ་ཐབས་གང་ལེགས་བྱེད་དགོས། རིགས་གཅིག་མཁས་ཅན་འདེམས་པ་ནས་དཔྱད་ཞིབ་ལྟ་སྐུལ་བྱེད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོ་དང་སྦྲེལ་ཐག་ཧྲིལ་པོའི་དོ་དམ་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རིགས་གཅིག་མཁས་ཅན་སྤྱི་པའི་ཐབས་ཇུས་འགོད་པར་ཞུགས་པའི་ལམ་ལུགས་ཁྱབ་ཁོངས་དང་རིགས་ཕྱེ་ནས་ཚད་ལྡན་དུ་གཏོང་བ། རིགས་གཅིག་མཁས་ཅན་སྤྱི་པའི་ཐབས་ཇུས་འགོད་པར་ཞུགས་པའི་འགན་འཁྲིའི་ངེས་གནས་དང་། དབང་ཆ་དང་འོས་འགན། དེ་མཚུངས་ཀྱི་འགན་འཁྲི་སོགས་ཁ་གསལ་བཟོས་ཏེ་རིགས་གཅིག་མཁས་ཅན་དེ་དག་ལ་ཏང་དང་སྲིད་གཞུང་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་འདོན་ཇུས་འབུལ་བྱེད་པར་སྐུལ་ལྕག་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཧྥེང་ཆའོ་རྣམ་པའི་ལས་དོན་སྒྲུབ་སྟངས་ལ་བདམས་པའི་ཚན་པའི་འཐུས་མིར་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་ནས་ཧྥེང་ཆའོ་ལས་རྣམ་གྱི་འཐུས་མི་དང་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་ནང་འདྲེན་དངོས་མང་འགྲེམས་ཚོཊ་འདིར་འཕྲིན་ཡིག་གནང་། ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ།