རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས ༢༡ ཉིན་གྱི་དགོང་མོར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཕ་དབྱི་གནད་དོན་གྱི་དམིགས་བསལ་བརྙན་ལམ་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་ཁ་བྱང་དུ༼དམག་མཚམས་འཇོག་རྒྱུར་སྐུལ་འདེད་བཏང་ནས། ཡུན་རིང་གི་ཞི་བདེ་དང་བདེ་འཇགས་མངོན་འགྱུར་ཡོང་བ་བྱེད་དགོས༽ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་དབུ་ཚོགས་ནི་འབོ་གསེར་ཁོངས་གཏོགས་རྒྱལ་ཁབ་མང་དུ་བཏང་རྗེས་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐོག་མ་དེ་ཡིན། མིག་སྔའི་དུས་བབ་འོག འབོ་གསེར་རྒྱལ་ཁབ་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་དྲང་བདེན་གྱི་འབོད་སྒྲ་དང་ཞི་བདེའི་འབོད་སྒྲ་སྒྲོག་པ་དེ་ཧ་ཅང་དུས་ཐོག་དང་ཧ་ཅང་དགོས་ངེས་ཤིག་རེད། ཀ་ཧྲ་ས་ཁུལ་གྱི་གདོང་ཐུག་ཟླ་བ་གཅིག་ལྷག་ཙམ་རྒྱུན་མཐུད་བྱས་ནས་མི་སེར་ཤི་རྨས་འབོར་ཆེན་དང་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་བཟོས་པ་དང་འབྲེལ་ཁྱབ་རྒྱ་ཆེ་རུ་འགྲོ་བའི་རྣམ་པ་ཐོན་པར་ཀྲུང་གོ་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། མིག་སྔའི་ཁ་ཚ་དགོས་གཏུག་གི་ལས་འགན་ནི། གཅིག་ནས་གདོང་ཐུག་ཕྱོགས་སོ་སོས་འཕྲལ་དུ་དམག་མཚམས་འཇོག་པ་དང་། མི་སེར་ལ་དམིགས་པའི་གཏུམ་སྤྱོད་དང་འཇབ་རྒོལ་ཡོད་ཚད་མཚམས་འཇོག་བྱེད་པ། མི་སེར་བཀག་ཉར་བྱས་པ་རྣམས་གློད་བཀྲོལ་གཏོང་བ་བཅས་བྱས་ནས། མི་དམངས་ནས་སྔར་བས་ཚབས་ཆེ་བའི་སྡུག་བསྔལ་མྱོང་དུ་འཇུག་མི་རུང་། གཉིས་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ལམ་བུ་བདེ་འཇགས་ངང་ཤར་གཏོང་ཐུབ་རྒྱུར་འགན་ལེན་བྱས་ནས། ཀ་ཧྲ་ཡི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་བས་མང་བ་བྱེད་པ་དང་། བཙན་ཤེད་ངང་གནས་སྤོ་རུ་འཇུག་པ་དང་ཆུ་གློག་སྣུམ་སོགས་གཏོང་མཚམས་གཅོད་པ་སོགས་ཀ་ཧྲ་མང་ཚོགས་ལ་དམིགས་པའི་མཉམ་སྡེབ་ཆད་གཅོད་མཚམས་འཇོག་བྱེད་དགོས་པ། གསུམ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེད་ཐབས་དངོས་སྤྱད་དེ་གདོང་གཏུག་རྒྱ་སྐྱེད་མི་འགྲོ་བ་དང་དབུས་ཤར་ས་ཁུལ་ཧྲིལ་པོའི་བརྟན་ལྷིང་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་བབ་དེ་ད་ལྟའི་དུས་བབ་འདི་ལྟར་ལ་འགྱུར་བའི་རྩ་བའི་རྒྱུ་རྐྱེན་ནི་ཕ་ལེ་སི་ཐན་མི་དམངས་ཀྱི་རྒྱལ་འཛུགས་དབང་ཆ་དང་། འཚོ་གནས་དབང་ཆ། ཕྱིར་ལོག་དབང་ཆ་བཅས་ལ་དུས་ཡུན་རིང་པོའི་ནང་སྣང་ཆུང་ཤོར་བས་རེད། ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཡང་ཡང་ཐོན་པ་དེ་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ནི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དོན་འཁྱོལ་བྱས་ནས། ཕ་ལེ་སི་ཐན་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པ་དང་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་རྒྱུ་དེ་རེད། ཕ་ལེ་སི་ཐན་གྱི་གནད་དོན་དྲང་བདེན་ངང་ཐག་གཅོད་མ་བྱས་ན། དབུས་ཤར་ས་ཁུལ་ལ་ཡུན་རིང་གི་ཞི་བདེ་བརྟན་ལྷིང་ཡོང་མི་ཐུབ། ཀྲུང་གོ་ཕྱོགས་ཀྱིས་དབང་གྲགས་དེ་བས་ཆེ་བའི་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུ་གང་མགྱོགས་འཚོགས་ནས་རྒྱལ་སྤྱིའི་ཞི་བདེར་སྐུལ་འདེད་གཏོང་བའི་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིལ་བར་བྱས་ཏེ། ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ཁྱོན་ཡོངས་དང་། དྲང་གཞག རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཐོན་པ་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་འདུམ་སྒྲིག་དང་གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དམག་མཚམས་འཇོག་རྒྱུར་སྐུལ་འདེད་གཏོང་བ། ཀ་ཧྲ་ས་ཁུལ་ལ་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བཅས་བྱས་ཡོད་ལ། ཀ་ཧྲ་མི་དམངས་ཀྱི་དགོས་མཁོར་གཞིགས་ནས་མུ་མཐུད་དངོས་རྫས་རོགས་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཉིད་ཟླ་བ་འདིའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་ཡིན་པའི་ངོས་ནས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་བྱ་རྒྱུར་སྐུལ་འདེད་བཏང་ཟིན་པ་དང་། མི་ཆོས་རིང་ལུགས་ཀྱི་གནས་སྐབས་མཚམས་འཇོག་དང་མི་ཆོས་རིང་ལུགས་ཀྱི་བར་ཁྱམས་ཀྱི་དུས་བཀག་ནར་འགྱངས་གཏོང་དགོས་པ་དང་། མི་སེར་ལ་སྲུང་སྐྱོབ་བྱེད་དགོས་པ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱེད་དགོས་པ་སོགས་ཀྱི་བླང་བྱ་བཏོན་ཡོད་ཅེས་བསྟན་ཡོད་པ་རེད།
ཞི་ཅིན་ཕིང་གིས། འབོ་གསེར་མཉམ་ལས་སྒྲིག་གཞི་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་རེད། དེ་རིང་། ང་ཚོས་ཕ་དབྱིའི་གནད་དོན་ལ་དམིགས་ནས་ལངས་ཕྱོགས་མཐུན་སྦྱོར་བྱེད་པ་དང་བྱ་སྤྱོད་སྤེལ་བ་དེས། ཚོགས་ཁོངས་རྒྱ་ཆེར་བཏང་རྗེས་ཀྱི་འབོ་གསེར་ཆེན་པོའི་མཉམ་ལས་ལ་འགོ་ཡག་པོ་ཞིག་བཙུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་གཞན་དང་ལྷན་དུ་འབོ་གསེར་མཉམ་ལས་ཀྱི་དུས་རབས་གསར་པ་གཏོད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས་ཡིས་དབུ་ཚོགས་གཙོ་སྐྱོང་གནང་བ་དང་། པར་ཙིར་གྱི་ཙུང་ཐུང་ལུའུ་ལ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་མུའུ་ཧན་མུའུ་ཏེ། ཨེ་ཅེབ་ཀྱི་ཙུང་ཐུང་སའེ་ཞི། དབྱི་རན་གྱི་ཙུང་ཐུང་ལའེ་ཞི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མུའུ་ཏེ། ཨེ་ཙེ་ཨོ་པི་ཡའི་ཙུང་ལི་ཨ་པི། དེ་བཞིན་རྒྱ་གར་དང་ཨ་ཀེན་ཐིང་གི་ཕྱི་འབྲེལ་དཔོན་བཅས་ཚོགས་ཞུགས་གནང་ཡོད།
ཚོགས་ཞུགས་དབུ་ཁྲིད་རྣམ་པས་ཕ་དབྱིའི་དུས་བབ་ཐད་ཐུགས་ཁུར་ཟབ་མོ་གནང་ཞིང་། མི་སེར་ལ་དམིགས་པའི་གཏུམ་སྤྱོད་མཐའ་དག་ལ་རྒོལ་གཏམ་བཏང་བ་དང་། ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བརྟེན་ནས་མི་སེར་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་སྟོན་གནང་བ། ཡུན་རིང་ཞིང་རྒྱུན་མཐུད་པའི་མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཇོག་དགོས་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་མཁོ་འདོན་བྱེད་དགོས་པའི་འབོད་སྐུལ་གནང་བ། སྐད་ཆ་ཤོད་རེས་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་བྱེད་དགོས་པ་དང་། ཞི་བའི་ངང་ཉམས་ཉེན་ཐག་གཅོད་བྱེད་པའི་འབད་འཐབ་མཐའ་དག་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། འགོ་ཁྲིད་པ་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞུང་དྲང་ངང་ཕ་ལི་སི་ཐན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ། བདག་དབང་ཆ་ཚང་ལྡན་ཞིང་། རང་བཙན་ཡིན་པའི་ཕ་ལི་སི་ཐན་གྱི་རྒྱལ་ཁབ་ཅིག་འཛུགས་དགོས་པ་བཅས་ཀྱི་འབོད་སྐུལ་གནང་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་དབུ་ཚོགས་ལ་ཞུགས་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་དང་ཕུའུ་ཅིང་ནས་ཚོགས་འདུ་འདིར་ཤིས་འཕྲིན་སྤྲིངས་གནང་བ། ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་ཨ་རིའི་མཛའ་གྲོཊ་ཚོཊ་པའི་དགའ་བསུའི་གསོལ་སྟོན་ལ་ཞུཊ། ཞི་ཅིན་ཕིང་དང་པའེ་ཏེང་ནས་ཀྲུང་ཨའི་གཙོ་བདག་གི་མཇལ་འཕྲད་གནང་།